88505

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤ་བ་ (1)
Part of speech མིང་ཚིག
Definition རི་གཉན་དུ་གནས་པའི་གླང་གི་རིགས་ཏེ་གཟུགས་གླང་ལས་ཆེ་ཞིང་སྤུ་མདོག་ཁམ་ནག་ཡིན་པ་དང༌། སོག་པའི་མགོ་དང་འཕོངས་གཉིས་ཀྱི་མཐོ་དམའ་མཉམ་ཞིང་སུག་དྲང་ལ་རིང་བའི་རྨིག་པ་ཆེན་པོ་ཡོད་པ། རྣ་བ་གཉིས་ཆེ་ཞིང་དབྱིབས་སྔོ་སྨན་སྔོ་སྒ་ཞེས་པའི་ལོ་མ་འདྲ་ལ་ནང་གི་སྤུ་མདོག་དཀར་པོ་ཡིན་པ། སྐེ་སྦོམ་ལ་རིང་བའི་འོག་སྤུ་སེར་སྐྱ་མཐུག་ཅིང་གཞན་ལས་རིང་བ་དང༌། བྲང་དང་གྲོད་གཞུང་གི་སྤུ་མདོག་དཀར་པོ་ཡིན་ལ་འཕོངས་ཀྱི་མཇུག་མ་སྐྱེ་མཚམས་སུ་སྤུ་མདོག་དཀར་པོའི་སྒོར་ཐིག་ལྡན་པ། མཇུག་མ་སེར་སྐྱ་ཐུང་བ་དང༌། བརླ་ནང་གི་སྤུ་མདོག་སེར་སྐྱ་ཡིན་ལ་ལོ་རེ་བཞིན་གྱི་བོད་ཟླ་ལྔ་པ་ཙམ་ལ་རྭ་གསར་སྐྱེ་བའི་ནམ་དུས་ཡིན་ཞིང༌། ཐོག་མར་གསར་སྐྱེས་རྭ་གསར་ནི་སྤུ་ཁམ་སེར་གྱིས་གཏུམ་པའི་ནང་ཁྲག་གིས་གང་བ་དེ་ལ་རིམ་བཞིན་ཁ་དབྲག་གནིས་གསུམ་ཙམ་གྱེས་པ་སྟེ། དེ་ལ་ཤ་བའི་ཁྲག་རྭའམ་འབོག་རྭ་ཟེར་ཞིང༌། དེ་ནས་རིམ་བཞིན་ཁ་དབྲག་ཁ་ཤས་གྱེས་ཏེ་རྒས་ནས་ཐ་མ་དཀར་པོ་རུས་པ་འདྲ་བར་གྱུར་པར་ཤ་བའི་རྭ་རྒན་ཟེར། ཤ་བ་སྟོབས་བཟང་བ་རྣམས་བོད་ཟླ་བཅུ་གཅིག་གམ་བཅུ་གཉིས་ཙམ་ལ་རྭ་བསྐྱུར་བ་དང༌། སྟོབས་ཞན་པ་རྣམས་བོད་ཟླ་གཉིས་པའམ་གསུམ་པ་ཙམ་ལ་རྭ་བསྐྱུར་ཏེ་བོད་ཟླ་ལྔ་པའི་ནང་གོང་སྨོས་བཞིན་ཡང་བསྐྱར་གསར་པ་སྐྱེ་བ་ཡིན། ཤ་བ་ཡུ་མོ་ལ་རྭ་མེད་ཅིང་མཛེས་མཚར་མིག་རྒྱན་དུ་ཕོ་ལ་མཁྲིས་པ་མེད་ཅེས་ཟེར་བ་དང༌། ཤ་བ་ནི་ཚེ་རིང་པོར་འཚོ་ཞིང་མཐའ་མ་རྒས་ནས་ལུས་མདོག་དཀར་པོར་གྱུར་པ་ཡིན། རྒྱུན་དུ་འཚོ་གནས་བྱེད་ཡུལ་ནི་རི་མཐོའི་སྟག་མ་དང་གླང་མ་སོགས་ཀྱི་ནགས་གསེབ་ལ་ཉལ་ཏེ་ཞོགས་པ་དང་དགོང་མོ་གང་སར་རྒྱུག་ཅིང༌། ཟས་སུ་རྩྭ་ལྡུམ་དང་ལྕུག་མའི་རིགས། དེ་བཞིན་ཤིང་ལོ་སོགས་ཟ་བར་མ་ཟད། བ་ཚྭ་ཅན་གྱི་ས་ལྡག་པར་དགའ་ཞིང་ཉིན་མོ་ཉལ་བར་ཡང་དགའ། བོད་ཟླ་དགུ་པ་དང་བཅུ་པར་ཕོ་མོ་གཉིས་འཁྲིག་སྦྱོར་བྱེད་པའི་དུས་ཡིན་ཞིང༌། དེའི་དུས་ཤ་ཕོ་རྣམས་ཡུ་མོ་ལ་ཆགས་ནས་བརྡུང་ག་དྲག་པོ་བྱེད་པ་ཡིན། མངལ་སྦྲུམ་ཡུན་ཚད་ཟླ་བ་བརྒྱད་ཙམ་ཡིན་པ་དང་ཕྱི་ཟླ་བ་དྲུག་པ་ཙམ་ལ་ཤ་ཕྲུག་གཅིག་ནས་གཉིས་བར་བཙའ་བ་ཡིན། ཕྲུ་གུ་ཐོག་མར་སྐྱེ་དུས་ཀྱི་སྤུ་ལ་ཐིག་དཀར་པོ་ཡོད་ཀྱང་རིམ་བཞིན་སྤུ་བརྗེས་ནས་མེད་པར་འགྱུར་འགྲོ་བ་ཡིན།