88856

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤའི་སྤྱན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཚེ་སྔོན་མའི་ལས་ཀྱི་རྣམ་སྨིན་ལས་བྱུང་ཞིང་དཔག་ཚད་བརྒྱ་སྟོང་ཚུན་ཆད་ཀྱི་གཟུགས་ཕྲ་རགས་མཐོང་བའི་ཤེས་རབ་ཞིག་ལ་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་ཀྱི་མཐོང་བར་རུང་བའི་གཟུགས་ཕྲ་རགས་མངོན་སུམ་དུ་མཐོང་བའི་ཆ་ནས་སྤྱན་དུ་བཞག་པས་རབ་ཏུ་ཕྱེ་བ་ཤའི་སྤྱན་གྱི་མཚན་ཉིད་དང། རྟེན་ལ་ལུས་རྟེན་དང་སེམས་རྟེན་གཉིས་ལས། ལུས་རྟེན་ནི་ཕྱི་ནང་གཉིས་ཀ་ཡོད། སེམས་རྟེན་ནི། སྤྱིར་སྤྱན་ལྔ་གསར་དུ་སྐྱེད་པའི་སེམས་རྟེན་ཡིན་ན། བསམ་གཏན་གྱི་དངོས་གཞི་ཡིན་དགོས་ཏེ། དེ་དེ་ལ་བརྟེན་ན་སྒྲུབ་སླ་བའི་ཕྱིར། ཕྱིས་ནི་ངེས་པ་མེད་དེ། བསམ་གཏན་བཞི་དང་གཟུགས་མེད་བཞི་ཀའི་ངོ་བོར་གྱུར་པའི་སྤྱན་ལྔ་ཡོད་པའི་ཕྱིར། ས་མཚམས་ལམ་མ་ཞུགས་ནས་ཡོད། བྱེད་ལས་ནི་རང་གི་འདུལ་བྱ་སྟོང་གསུམ་ཚུན་གང་ན་གནས་ཇི་ལྟ་བ་བཞིན་ཤེས་པར་བྱེད་དོ། །
Domain ཆོས་ལུགས།

{{#arraymap:ཤའི་སྤྱན་

|; |@@@ | | }}

ཤའི་སྤྱན་ (2)
Part of speech མིང་ཚིག
Definition མཚན་ཉིད། བདག་རྐྱེན་ཕར་ཕྱིན་ལ་བརྟེན་ནས་དངོས་པོ་སོ་སོར་ངེས་པ་དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་ཀྱི་གཟུགས་རྣམས་མཐོང་བའི་ཡུལ་ཅན། བྱང་སེམས་ཀྱི་ཤའི་མིག་གིས་སྟོང་གསུམ་པས་ལྷག་པ་མི་མཐོང་སྟེ། དེ་ནི་མར་མེ་འབུལ་བ་ལ་སོགས་པའི་རྣམ་པར་སྨིན་པ་ལས་བྱུང་བ་ཉིད་ཀྱིས་ཡུལ་སོ་སོར་ངེས་པའི་ཕྱིར་དང། བདག་རྐྱེན་ཤའི་མིག་དབང་གི་བདག་འབྲས་སུ་གྱུར་པའི་ཡུལ་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། བདག་རྐྱེན་ཤའི་མིག་དབང་ལ་དེ་ལས་ལྷག་པ་མཐོང་བར་སྐྱེད་པའི་ནུས་པ་མེད་པའི་ཕྱིར་རོ། །ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས་སོ། ། ཡུལ་ཡུལ་ཅན་གྲངས་ཇི་ལྟ་བ་བཞིན་དུ་ཡུལ་གྱི་དངོས་པོའི་ཚད་སོ་སོར་ངེས་པ། དཔག་ཚད་བརྒྱ་ནས་སྟོང་གསུམ་གྱི་བར་མཐོང་བའི་ཡུལ་ཅན་ནོ། །དེ་ལས་ལྷག་པ་མི་མཐོང་སྟེ། བདག་རྐྱེན་དབང་པོ་གཟུགས་ཅན་ལ་བརྟེན་པས་དེ་ལ་སྟོང་གསུམ་ལས་ལྷག་པ་མཐོང་བར་བསྐྱེད་པའི་ནུས་པ་མེད་པའི་ཕྱིར་ཏེ། ལུང་མ་བསྟན་རྣམ་སྨིན་སྐྱེས་ཀྱི་ངོ་བོ་ཡིན་པས་མཐུ་ཆུང་བའི་ཕྱིར་རོ། །སངས་རྒྱས་ལ་ནི་མི་མཚུངས་ཏེ། དེའི་ཤའི་སྤྱན་ནི་དགེ་བ་ཁོ་ན་ཡིན་པའི་ཕྱིར་རོ། །དེས་ན་འདི་ནི་བྱང་སེམས་ཀྱི་དབང་དུ་བྱས་པའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་གསུངས་སོ། ། ཤའི་སྤྱན་ནི་བདག་རྐྱེན་རྫུ་འཕྲུལ་གྱི་རྐང་པ་ལ་བརྟེན་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་པའི་དབང་ཤེས་སོ། །འདི་བསམ་གཏན་གྱི་སས་བསྡུས་སུ་ནི་མ་ངེས་ཏེ། རྟེན་གྱི་གང་ཟག་གང་དུ་སྐྱེས་པ་དེའི་ས་པའི་དབང་པོ་གཟུགས་ཅན་པ་ཡིན་པའི་ཕྱིར། །ཞེས་དང་། ཤའི་སྤྱན་གྱིས་ཡར་སྟོན་པ་དང། མར་སློབ་མ་གང་ན་ཡོད་པ་ཤེས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་གསུངས་སོ། ། ཐུན་མོང་གི་བདག་རྐྱེན་ཕར་ཕྱིན་དང་། ཐུན་མོང་མ་ཡིན་པའི་བདག་རྐྱེན་རྫུ་འཕྲུལ་གྱི་རྐང་པ་ལས། རང་ཡུལ་མངོན་སུམ་དུ་མཐོང་བའི་རིག་པ་གང་ཞིག་དཔག་ཚད་བརྒྱ་ནས་སྟོང་གསུམ་གྱི་བར་གང་རུང་མཐོང་བའོ། །དེ་བས་ལྷག་པ་མི་མཐོང་བའི་རྒྱུ་མཚན་ཅི་ཞེ་ན། ཉི་སྣང་ལས། དེ་ནི་རྣམ་པར་སྨིན་པ་ལས་བྱུང་བ་ཉིད་ཀྱི་ཡུལ་སོ་སོར་ངེས་པ་ཉིད་ཡིན་པའི་ཕྱིར་རམ། ཤའི་མིག་ནི་བདག་པོའི་འབྲས་བུའི་ཡུལ་ཅན་ཡིན་ལ། དེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱིས་བསྡུས་པའི་ཕྱིར། ཞེས་གསུངས་ལ། དེ་ཡང་བྱང་སེམས་ཀྱི་ཤའི་སྤྱན་གྱི་དབང་དུ་བྱས་པ་ཡིན་ཏེ། འདིའི་ཐད་ཀྱི་མདོ་ལས། བྱང་སེམས་ཆེན་པོ་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ་ཞེས་སོགས་དམིགས་ཀྱིས་བསལ་ནས་གསུངས་པའི་ཕྱིར་རོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས་གསུངས་སོ། །

{{#arraymap:ཤའི་སྤྱན་

|; |@@@ | | }}

ཤའི་སྤྱན་ (3)
Part of speech མིང་ཚིག
Definition སྤྱན་ལྔ་པོ་གང་རུང་ཡང་ཡིན། རང་ཡུལ་དུ་གྱུར་པའི་གཟུགས་ཕྲ་རགས་ཐམས་ཅད་མངོན་སུམ་གྱིས་མཐོང་བའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་མཁྱེན་པར་དམིགས་པ། ས་མཚམས་ནི། ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད།

{{#arraymap:ཤའི་སྤྱན་

|; |@@@ | | }}

ཤའི་སྤྱན་ (4)
Part of speech མིང་ཚིག
Definition རང་གི་བདག་རྐྱེན་དུ་གྱུར་པའི་མིག་ལ་བརྟེན་ནས་བྱུང་བའམ་ཡང་ན་རང་གི་བདག་རྐྱེན་དུ་གྱུར་པའི་མཉམ་གཞག་གི་སས་བསྡུས་པའི་ཤའི་མིག་ལ་བརྟེན་ནས་བྱུང་ཞིང༌། རང་གི་བདག་རྐྱེན་དུ་གྱུར་པའི་ཤའི་མིག་ལ་བརྟེན་ནས་རང་ཡུལ་དུ་གྱུར་པའི་དཔག་ཚད་བརྒྱ་ཚུན་ཆད་ཀྱི་གཟུགས་ཕྲ་རགས་ཅི་རིགས་པ་མངོན་སུམ་དུ་རྟོགས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའི་མཁྱེན་པ་དེ། ཤའི་སྤྱན་གྱི་མཚན་ཉིད་ཡིན། ས་མཚམས་ནི། ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད།

{{#arraymap:ཤའི་སྤྱན་

|; |@@@ | | }}