88877

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤར་དུང་རི་ (1)
Part of speech མིང་ཚིག
Definition མདོ་སྨད་རྔ་བ་ཁུལ་ཟུང་ཆུ་རྫོང་གི་ཤར་ཕྱོགས་སུ་ཡོད་ལ། འཛམ་གླིང་སྤྱི་དང་སྒོས་སུ་ཟུང་ཆུའི་ཕྱོགས་ཀྱི་རྒྱ་བོད་ཚང་མས་མཆོད་པའི་གནས་རི་ཁྱད་ཅན་ཞིག་ཏུ་བརྩི། ཡ་ཐོག་ནས་རྒྱལ་བ་གཤེན་རབ་མི་བོ་ཆེ་མཆོག་དང་རྗེས་འཇུག་རིམ་བྱོན་མང་པོའི་བྱིན་རླབས་ཀྱི་ཚན་ཁ་ཕོག་ཡོད། དེར་རིག་འཛིན་མང་པོའི་སྒྲུབ་གནས་དང་། ཕྱོགས་མཚམས་སུ་ཡི་དམ་ལྷ་ཚོགས་ཀྱི་ཞིང་ཁམས་ཡོད་པ་སྟེ། གནས་ཆེན་ཤར་ཕྱོགས་དུང་རི་དང་དགོན་སྡེ་དུ་མའི་དཀར་ཆག་མཐོང་བ་དོན་ལྡན་ལས། ཤར་ཐེག་ཆེན་སྒོམ་པའི་རི་བོ་ལ། མན་ངག་སེམས་རྒྱུད་ཀྱི་སྐུ་དང་ཞིང་ཁམས་ཡོད། བྱང་རིག་འཛིན་རྫོགས་ཆེན་རི་བོ་ལ། སྤྱོད་པ་ལ་དོར་བའི་རིགས་ལྔའི་ཞིང་ཁམས་ཡོད། ནུབ་རྒྱུད་ཆེན་ཡོངས་གྲུབ་རི་ལ་ནི། རྒྱུད་བཞི་ཡི་དབལ་ལྔའི་སྐུ་དང་ཞིང་ཁམས་ཡོད། ལྷོ་གསང་སྔགས་མཆོག་ལྔའི་སྐུ་དང་ཞིང་ཁམས་སུ། དེ་བསྒྲུབས་པའི་གཞལ་ཡས་གསང་ཕུག་ཡོད། དབུས་གཤེན་ལྷ་འོད་དཀར་ལྷ་ཚོགས་དང། ལྷ་གསང་མཆོག་གསང་བའི་དབྱིངས་རོལ་སོགས། རིག་འཛིན་པའི་གྲུབ་ཐོབ་སེམས་དཔའ་བཞུགས། ཞེས་སོ། །གནས་མཆོག་འདི་གཙོ་བོ་མ་རྒྱུད་ཀྱི་གནས་རི་ཞིག་ལ་ངོས་འཛིན་ཏེ། དེ་ཉིད་ལས། གནས་རི་འདི་གཙོ་བོ་མ་རྒྱུད་གནས་རི་ཡིན་པ་གསལ་པོར་བསྟན་ཡོད། ཅེས་སོ། །གནས་བདག་གཙོ་བོ་ནི། ཤར་གཉན་དུང་རྩེ་དཀར་པོ་དང་། གཡུ་སྒྲོན་མ་ཡིན་ལ། འཁོར་གྱི་གཙོ་བོ་བཀའ་བློན་བཞི་ནི། ཤར་གཏེར་བདག་ཀུན་གྲོལ་སྲིད་རྒྱལ་དང་། བྱང་ལྷ་བཙན་ཀིང་ཆེན། ནུབ་དམག་དཔོན་དགྲ་འདུལ་དབང་ཕྱུག། ལྷོ་བཀའ་བློན་ར་ཐབས་ཅན་བཞི་གཙོས་པའི་ཕྱི་ནང་གི་འཁོར་ཕྲན་མང་པོ་ཞིག་གིས་བསྐོར་ཡོད་པར་སྔོན་བྱོན་གོང་མ་རྣམས་ཀྱིས་གསུངས་པས་སོ། །དབུས་ཀྱི་གངས་དཀར་ལྷུན་པོ་དེ་ཟུར་གསུམ་རྩེ་མོ་གནམ་ལ་གཟུག་ཅིང། དུས་བཞིར་གངས་དཀར་རང་མདངས་ངོམས་ཡོད། མཐའ་ལ་ནགས་རི་དང་། རྫ་རི། སྤང་རི། བྲག་རི་སོགས་ཀྱིས་རི་རབ་བང་རིམ་ལྟར་ལྷུན་དུ་ཆགས། དེ་ལ་སྨན་སྣ་དང་གཏེར་ཁ་སོགས་ཀྱི་ཐོན་ཁུངས་མང་ཞིང་། མཐའ་སྐོར་དུ་མཚོ་དང་མཚེའུ་སྣ་མང་ཡོད་ཅིང་། བྱང་ཕྱོགས་སུ་གསེར་མཚོ་ཞེས་ལྷ་མི་ཀུན་གྱི་ཡིད་དབང་འཕྲོག་པ་ཞིག་དང་། ས་དེར་བོན་དགོན་ཞིག་དང། རྒྱ་ནག་དགོན་པ་ཞིག་ཀྱང་ཡོད། དུས་ཕྱིས་མདོ་སྨད་འཕགས་པ་རྣམ་གསུམ་གྱི་ཡ་གྱལ། སྐྱང་འཕགས་ཆེན་པོའམ་ནམ་མཁའ་གཡུང་དྲུང་(ཕྱི་ལོ་༡༠༨༠/དང་ཡང་ན་༡༠༨༡ གང་རུང་ལ་འཁྲུངས། སྐུ་ཚེ་བཞི་བཅུ་ལྷག་ཙམ་བཞུགས་ཞེས་ཀྱང་ཁུངས་མི་གསལ། )མཆོག་གིས་གདུལ་བྱའི་སྒྲིབ་སྦྱང་ཆེད་དུ་ཕྱི་ནང་བར་གསུམ་གྱི་སྐོར་ལམ་དང་། མི་འགྱུར་བཀའ་རྟགས་སོགས་བཞག་ནས་གནས་སྒོར་ཕྱེས་པ་སྟེ། དེ་ཉིད་ལས། རིག་འཛིན་ཆེན་པོ་གྱེར་མི་ཉི་འོད་ཀྱིས། །ཡང་སྤྲུལ་གྲུབ་ཐོབ་སྤྱང་འཕགས་ཆེན་པོ་ནི། །མངོན་སུམ་བྱོན་པའི་བསྒྲུབ་གནས་བྱིན་རླབས་ཅན། །ཞེས་སོ། །གནས་སྒོ་ཕྱེ་བའི་ལོ་ཚིགས་མི་གསལ་ཡང་། སྟག་གི་ལོ་ལ་གནས་འདུས་དང། སྟག་ཟླའི་བཅོ་ལྔར་གནས་སྒོ་ཕྱེས་བའི་ཉིན་མོར་བརྩིས་ནས་བོན་ཀྱི་བྱེད་སྒོ་དང་། དགའ་སྟོན་སྤེལ་བའི་སྲོལ་ཡང་མཆིས་སོ། །

{{#arraymap:ཤར་དུང་རི་

|; |@@@ | | }}