8890

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞན་སེམས་ཤེས་པའི་མངོན་ཤེས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། གང་ཟག་གཞན་གྱི་སེམས་འདོད་ཆགས་དང་བཅས་པ་དང། འདོད་ཆགས་དང་བྲལ་བ་སོགས་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །གཞན་སེམས་ཤེས་པ་དེ་ཡང་བཞི་སྟེ། སྐྱེ་བས་ཐོབ་པ་ལྷ་ཀླུ་ལ་སོགས་པ་ལྟ་བུ་དང། རྟོག་གེ་པ་རྣམས་ཀྱིས་ནི་ལུས་ངག་གི་རྣམ་པར་རིག་བྱེད་ལས་གཞན་གྱི་སེམས་ཀྱི་རྣམ་འགྱུར་ཤེས་པ་དང། སྔགས་ལས་སྐྱེས་པ་གསང་སྔགས་ཀྱི་མཐུས་གཞན་སེམས་ཤེས་པ་དང། བསྒོམས་པ་ལས་བྱུང་བ་རྣལ་འབྱོར་པ་རྣམས་ཀྱི་མཐུ་མངོན་ཤེས་སུ་བགྲང་བའོ། །ཞེས་རེད་མདའ་བའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །
Domain ཆོས་ལུགས།
གཞན་སེམས་ཤེས་པའི་མངོན་ཤེས་ (2)
Part of speech མིང་ཚིག
Definition ཀུན་མཁྱེན་གོ་རམས་པས། མཚན་ཉིད་ནི། བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་གཞན་གྱི་སེམས་འདོད་ཆགས་དང་བཅས་པ་སོགས་མངོན་སུམ་དུ་ཤེས་པ་ཡང་དག་པར་འབྱོར་པར་བྱེད་པའི་སྒོམ་བྱུང་གི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །འདི་ལ་སྐྱེས་ཐོབ་དང་ལས་ལས་སྐྱེས་པ་དང་སྔགས་དང་སྨན་གྱི་མཐུ་ལས་བྱུང་བ་དང། སྒོམ་པ་ལས་བྱུང་བ་དུ་མ་ཡོད་པའི་ནང་ནས་མངོན་ཤེས་སུ་བགྲང་བ་ནི་ཕྱི་མ་ཁོ་ནའོ། །ས་མཚམས་ནི། བསམ་གཏན་གྱི་དངོས་གཞི་ཐོབ་པའི་ལམ་མ་ཞུགས་ནས་སངས་རྒྱས་སའི་བར་དུ་ཡོད་དོ། །ཞེས་རྣམ་བཤད་ཡུམ་དོན་རབ་གསལ་ལས་གསུངས་སོ། །
གཞན་སེམས་ཤེས་པའི་མངོན་ཤེས་ (3)
Part of speech མིང་ཚིག
Definition གང་ཟག་ཕ་རོལ་པོའི་སེམས་ཆགས་སོགས་དང་བཅས་མ་བཅས་སོགས་ཤེས་པའི་བསམ་གཏན་གྱི་སེམས་ཞིག་ལ་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། མངོན་ཤེས་གང་ཞིག བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་གང་ཟག་ཕ་རོལ་གྱི་སེམས་འདོད་ཆགས་དང་བཅས་པ་ལ་སོགས་པ་མངོན་སུམ་དུ་རྟོགས་པའི་ཆ་ནས་མངོན་ཤེས་སུ་བཞག་པས་རབ་ཏུ་ཕྱེ་བ་གཞན་སེམས་ཤེས་པའི་མངོན་ཤེས་ཀྱི་མཚན་ཉིད། རྟེན་ལ་ལུས་རྟེན་དང་སེམས་རྟེན་གཉིས་ལས། ལུས་རྟེན་ནི་འདོད་པའི་རྟེན་ཅན་དང་། སེམས་རྟེན་ནི་དག་པའི་བསམ་གཏན་བཞི་ལ་བརྟེན་ནས་སྒྲུབ་ལ། བྱེད་ལས་ནི་གཞན་གྱི་སེམས་རྒྱུད་ཤེས་ནས་ཆོས་སྟོན་པའི་སྣོད་རུང་དུ་བྱེད་ལ། ས་མཚམས་ནི་བསམ་གཏན་གྱི་དངོས་གཞི་ཐོབ་པའི་ལམ་དུ་མ་ཞུགས་ནས་ཡོད་པའི་ཕྱིར།
གཞན་སེམས་ཤེས་པའི་མངོན་ཤེས་ (4)
Part of speech མིང་ཚིག
Definition མངོན་ཤེས་དྲུག་པོ་གང་རུང་ཡང་ཡིན། རང་ཡུལ་དུ་གྱུར་པའི་གཞན་གྱི་སེམས་འདོད་ཆགས་དང་བཅས་པ་དང་མ་བཅས་པ་སོགས་མངོན་སུམ་གྱིས་རྟོགས་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་རིག་པ།
གཞན་སེམས་ཤེས་པའི་མངོན་ཤེས་ (5)
Part of speech མིང་ཚིག
Definition རང་གི་སེམས་རྟེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་བྱུང་ཞིང༌། གང་ཟག་གཞན་གྱི་རྒྱུད་ཀྱི་སེམས་ཅི་རིགས་པ་མངོན་སུམ་དུ་རྟོགས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའི་བློ་དེ། གཞན་སེམས་ཤེས་པའི་མངོན་ཤེས་ཀྱི་མཚན་ཉིད་ཡིན། ས་མཚམས། ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད།