8891

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞན་སེལ་ (1)
Part of speech མིང་ཚིག
Definition གཞན་སེལ་བ་སྟེ་དེ་མ་ཡིན་པའི་རྣམ་པར་བཅད་པའི་ཆ། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། རང་ལུགས་ནི། བློ་ལ་དོན་རང་གི་རྣམ་པ་ཤར་བའི་ཚེ་དགག་པའི་རྣམ་པ་ཅན་དུ་འཆར་བ་དེ། གཞན་སེལ་གྱི་མཚན་ཉིད། དབྱེ་ན། མེད་དགག་གི་གཞན་སེལ་དང། མ་ཡིན་དགག་གི་གཞན་སེལ་གཉིས་སོ། །
Domain ཚད་མ།
གཞན་སེལ་ (2)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། གཞན་སེལ་གྱི་མཚན་ཉིད། རང་གི་བསལ་བྱ་ཚིག་གིས་ཟིན་པར་བཅད་ནས་རྟོགས་པར་བྱ་བའི་ཆོས། དབྱེ་ན། མེད་དགག་གི་སེལ་བ་དང་། མ་ཡིན་དགག་གི་གཞན་སེལ་གཉིས། ཞེས་གསུངས།
གཞན་སེལ་ (3)
Part of speech མིང་ཚིག
Definition སེལ་བའི་མཚན་ཉིད་ནི། རང་གི་ཡུལ་ཅན་གྱི་སྒྲ་དང་རྟོག་པས་ལོག་ཕྱོགས་གཞན་བསལ་བའི་ཚུལ་གྱིས་རྟོགས་པར་བྱ་བའི་བློ་ཆོས་སོ། །འདིར་སེལ་བྱེད་ནི། གཅིག་ལ་མཚོན་ན་བུམ་པ་ཞེས་བརྗོད་པའི་སྒྲ་དང་། བུམ་པ་འཛིན་པའི་རྟོག་པའོ། །བསལ་བྱ་ནི། བུམ་མིན་མཐའ་དག་གོ ། བསལ་བའི་ངོ་བོ་ནི། རྗོད་བྱེད་ཀྱི་སྒྲ་དང་རྟོག་པའི་ངོར་བུམ་མིན་རྣམ་པར་བསལ་ཙམ་དེའོ། །སྒྲ་བཤད་ནི། སེལ་བར་བྱེད་དོ་ཞེས་པ་བཤད་པའི་གཞི། དོན་གང་སེལ་བར་བྱེད་ན་བསལ་བྱ་རིགས་མཐུན་དང་རིགས་མི་མཐུན་མཐའ་དག་གོ །ལས་བྱ་བ་གང་ལ་སེལ་བར་བྱེད་ན། བུམ་པ་རང་མཚན་ལྟ་བུ་བསལ་གཞི་གང་དང་གང་ཡིན་པ་དེ་ལའོ། །བྱེད་པ་པོ་གང་གིས་སེལ་བར་བྱེད་ན་བརྗོད་བྱེད་ཀྱི་སྒྲ་དང་རྟོག་པས་སོ། །དགོས་པ་ཅིའི་ཕྱིར་དུ་སེལ་བར་བྱེད་ན། དགག་བྱ་དགག་པ་དང་། བསྒྲུབ་བྱ་བསྒྲུབ་པར་བྱ་བའི་ཕྱིར་དུའོ། །རྒྱུ་མཚན་གང་ལས་སེལ་བར་བྱེད་ན། སེལ་ངོར་གཞན་རིགས་མཐུན་དང་། རིགས་མི་མཐུན་མཐའ་དག་ལས་ལོག་པར་སྣང་བའི་རྒྱུ་མཚན་ལས་སོ། །ཚུལ་ཇི་ལྟར་སེལ་བར་བྱེད་ཅེ་ན། །བུམ་པའི་བྱས་པའོ། །ཞེས་ཐ་དད་དུ་རྣམ་པར་དབྱེ་བའི་ཚུལ་གྱིས་སོ། །མིང་ཇི་སྐད་དུ་འདོགས་ཞེ་ན། གཞན་སེལ་དང་། ལྡོག་པ་དང་། སྤྱི་དང་བྱེ་བྲག་ལ་སོགས་པའི་མིང་གིས་འདོགས་སོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྟོག་གེ་འཁྲུལ་འཇོམས་ལས་གསུངས། ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས། མཚན་ཉིད་ནི། ཡུལ་དེ་དངོས་འགལ་བཅད་པའི་སྒོ་ནས་ཡུལ་དེར་སྣང་བའི་སྒྲོ་བཏགས་སོ། །དེ་ལ་དངོས་འགལ་བཅད་པ་དང་། རིགས་མི་མཐུན་བཅད་པ་དང་། དེ་མིན་བཅད་པ་རྣམས་ནི་དོན་གཅིག་ཅིང་། གཞན་སེལ་དང་། སེལ་བ་དང་། ལྡོག་པ་དང་། རྣམ་གཅོད་བཞི་པོ་ནི་དོན་ལྡོག་ཀྱང་གཅིག་ཉིད་ཡིན་པས་མཚན་ཉིད་གཅིག་གིས་མཚོན་ནུས་ལ། སྤྱི་དང་སྤྱི་མཚན་ནི་དེ་དག་དང་ཡིན་ཁྱབ་མཉམ་ཡིན་ཀྱང་དོན་ལྡོག་ནི་གཞན་འཚོལ་དགོས་སོ། །གཞན་སེལ་གྱི་དབྱེ་བ་ལ། རྟེན་གྱི་སྒོ་ནས་དབྱེ་ན། ཡོད་པ་གཞན་སེལ་དང་། མེད་པ་གཞན་སེལ་གཉིས་སམ། ཡང་ན་དངོས་པོའི་གཞན་སེལ་དང་། དངོས་མེད་ཀྱི་གཞན་སེལ་གཉིས་སོ། །དེ་རེ་རེ་ལ་ཡང་ཡུལ་ཅན་སྒྲ་རྟོག་གི་སྒོ་ནས་གཉིས་གཉིས་སུ་འགྱུར་ཏེ། ཡོད་པ་སྒྲའི་གཞན་སེལ་དང་། ཡོད་པ་བློའི་གཞན་སེལ་གཉིས། མེད་པ་སྒྲའི་གཞན་སེལ་དང་། མེད་པ་བློའི་གཞན་སེལ་གཉིས་སོ། །དེ་བཞིན་དུ་དངོས་པོའི་གཞན་སེལ་དང་། དངོས་མེད་ཀྱི་གཞན་སེལ་ལ་ཡང་བསྒྲེའོ། །འཛིན་སྟངས་ཀྱི་སྒོ་ནས་དབྱེ་ན། མ་ཡིན་དགག་གི་གཞན་སེལ་དང་། མེད་དགག་གི་གཞན་སེལ་གཉིས་སོ། །ཞེས་གསུངས་སོ། །