88928

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤར་སྐལ་ལྡན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་ནི། རབ་བྱུང་བཅུ་པའི་མེ་ལུག་ཕྱི་ལོ་༡༦༠༧ལོར་མདོ་སྨད་རེབ་གོང་རྒྱལ་ཐང་ཞེས་བྱ་བའི་ཡུལ་དུ། ཡབ་མཁར་འབུམ་རྒྱལ་དང་ཡུམ་སྙིང་མོ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་པ་ཆུ་བྱ་ལོར་ཆོས་པ་རི་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྤྱན་སྔར་དགེ་བསྙེན་དང་། དགུང་ལོ་བཅུ་པ་མེ་འབྲུག་ལོར་རབ་ཏུ་བྱུང་སྟེ་མཚན་སྐལ་ལྡན་ཚོགས་གཉིས་ཞེས་པར་གསིལ། དགུང་ལོ་བཅུ་གཅིག་པ་མེ་སྤྲུལ་ཕྱི་ལོ་༡༦༡༧ལོར་དབུས་གཙང་དུ་ཕེབས། མཁན་ཆེན་བློ་གྲོས་བླ་མར་བསྟེན། མཚན་སྐལ་ལྡན་རྒྱ་མཚོར་གསོལ། དེ་ནས་བྱང་རྩེ་གྲྭ་ཚང་ཐོས་བསམ་གླིང་གི་འཇམ་དབྱངས་ཚུལ་ཁྲིམས་ཆོས་འཕེལ་དང་། གཙང་དཀའ་ཆེན་བློ་གྲོས་རྣམ་རྒྱལ། མཁས་གྲུབ་བསྟན་དར་སོགས་བླ་མར་བསྟེན་ནས་བསྡུས་སྦྱོར་བློ་རྟགས་དང་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་མཐར་ཕྱིན་མཛད། དགུང་ལོ་ཉི་ཤུ་པ་མེ་སྟག་ཕྱི་ལོ་༡༦༢༦ལོར་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་པར་རྫོགས། ཉེར་གཅིག་པ་རབ་བྱུང་བཅུ་གཅིག་པའི་མེ་ཡོས་ཕྱི་ལོ་༡༦༢༧ལོར་མདོ་སྨད་ཀྱི་ཕྱོགས་སུ་ཆིབས་ཁ་བསྒྱུར། ཐོག་མར་རོང་པོར་བྱོན། དེ་ནས་དབེན་དགོན་བཀྲ་ཤིས་འཁྱིལ་དུ་ཕེབས། སྡེ་བ་ཆོས་རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོ། རྒྱལ་སྲས་བློ་བཟང་བསྟན་འཛིན། རྗེ་སྟོང་འཁོར་མདོ་རྒྱུད་རྒྱ་མཚོ་སོགས་མཁས་གྲུབ་སོ་གསུམ་ལྷག་གི་ཞབས་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་མཐའ་ཡས་འ་སྦྱངས། དགུང་ལོ་ཉེར་བཞི་པ་རབ་བྱུང་བཅུ་གཅིག་པའི་ལྕགས་རྟ་ཕྱི་ལོ་༡༦༣༠ལོར་མདོ་སྨད་སྒྲུབ་སྡེ་ཡོངས་ཀྱི་རྒྱན་དབེན་གནས་བཀྲ་ཤིས་འཁྱིལ་དུ་ཕེབས། ལོ་ངོ་སུམ་ཅུར་སྒྲུབ་སྡེ་དེ་ལ་ཆོས་སྲིད་གཉིས་ཀས་ལེགས་པར་བསྐྱངས། དགུང་ལོ་ཞེ་དྲུག་པ་ཆུ་འབྲུག་ཕྱི་ལོ་༡༦༥༢ལོར་རྒྱལ་དབང་ལྔ་པ་ཆེན་པོ་རྒྱ་ནག་ཏུ་སྤྱན་དྲངས་ཏེ་མཚོ་སྔོན་པོའི་ཡུལ་ལ་ཕེབས་ཚེ། རྗེ་འདི་ཉིད་ཡབ་སྲས་གྲྭ་སློབ་བཅས་ཀྱིས་ལྔ་པ་ཆེན་པོ་མཇལ་ཞིང་བཀའ་ཆོས་ཞུས། སྤྱིར་དགུང་ལོ་ཉེར་གཅིག་ནས་རེ་གསུམ་བར། དུས་སྔ་ཕྱི་ངེས་མེད་དུ་ཡུལ་མཛོ་དགེ་གླིང་དོའུའི་མན་ཆད། སྐུ་འབུམ་དགོན་ལུང་ཡན་ཆད་ཀྱི་ས་རོང་འབྲོག་དགོན་གྲོང་ཀུན་ལ་ཞབས་ཀྱིས་བཅགས། སྐལ་ལྡན་བུ་སློབ་ལ་ཁྲིད་དབང་ལུང་མན་ངག་གི་ཆོས་ཆར་རྟག་པར་ཕབ། ཚེ་གང་པོར་ཐུགས་རྩེ་གཅིག་གིས་སྒྲུབ་པ་ལ་གཞོལ་ཏེ། རི་དན་ཏིག་ཡང་ཏིག གནམ་རྫོང་། ཤར་གཉའ་གོང་བྲག་དཀར། རྒྱ་མོ་གཤག་རལ། སྟག་ཚང་ལྷ་མོ་ལ་སོགས་པའི་དབེན་གནས་ཉམས་དགའ་བར་གནས་ཤིང་། དགུང་ལོ་རེ་བཞི་ནས་ལོ་བདུན་གྱི་རིང་སྐུ་མཚམས་དང་ཐུན་བཞིའི་རྣལ་འབྱོར་ཆད་མེད་དུ་བསྒྲུབས། དགུང་ལོ་དོན་གཅིག་པ་རབ་བྱུང་བཅུ་གཅིག་པ་མེ་སྦྲུལ་ཕྱི་ལོ་༡༦༧༧ལོར་སྐུ་གཤེགས་སོ། །སློབ་མ་གྲགས་ཆེ་བ་གཡུ་རྔོག་བསམ་གཏན་རྒྱ་མཚོ། རྟིས་ཚང་མ་ཎི་བ་ཤེས་རབ་བཀྲ་ཤིས། བློ་ཆོས་བློ་བཟང་ཆོས་གྲགས་བཅས་ཡིན། གསུང་རྩོམ་ནི་འདུལ་བའི་བསླབ་བྱ་བསྟན་པའི་མཛེས་རྒྱན་དང་། བྱང་སེམས་བསླབ་བྱ་རྒྱལ་སྲས་མཛེས་རྒྱན། སྔགས་ཀྱི་བསླབ་བྱ་རིག་འཛིན་རྒྱན། ཨ་མདོར་བསྟན་པ་དར་ཚུལ་གྱི་ལོ་རྒྱུས། ཕྱག་ཆེན་ཁྲིད་ཡིག ལམ་རིམ་གསོལ་འདེབས། བློ་སྦྱོང་ཡིད་ཀྱི་མུན་སེལ། ནཱ་རོ་ཆོས་དྲུག་གི་ཁྲིད། སྔགས་བཀླག་ཐབས་བཅས་ཆོས་ཚན་ང་བདུན་བཞུགས། མཚན་གཞན། ཡབ་རྗེ་སྐལ་ལྡན་རྒྱ་མཚོ། གྲུབ་ཆེན་སྐལ་ལྡན་རྒྱ་མཚོ།

{{#arraymap:ཤར་སྐལ་ལྡན་རྒྱ་མཚོ་

|; |@@@ | | }}