89465

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤིན་སྦྱངས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། འདོད་སེམས་རྩེ་གཅིག་པའི་ངང་དུ་གོམས་པར་བྱས་པས་ལུས་སེམས་དགེ་བ་ལ་ཅི་འདོད་དུ་བཀོལ་ནུས་པ་སྟེ། འདི་ལ་ནང་གསེས་སུ་སེམས་ཤིན་སྦྱངས་དང་ལུས་ཤིན་སྦྱངས་གཉིས་སུ་གསུངས། དེ་ཡང་། འོད་གསལ་སྙིང་པོ་ལས། དེ་འདྲའི་འདོད་སེམས་རྩེ་གཅིག་པ་དེ་ཡི་ངང་དུ་གོམས་པར་བྱས་པས་ལུས་དང་སེམས་ལས་སུ་རུང་བར་གྱུར་པ་ནི་ཤིན་སྦྱངས་ཞེས་བྱ་སྟེ། སེམས་དེ་རྟ་ཤིན་ཏུ་དུལ་བ་རང་དབང་དུ་གྱུར་པ་བཞིན་དུ་དགེ་བའི་དམིགས་པ་ལ་ཇི་འདོད་བཀོལ་དུ་བཏུབ་ཅིང་། སེམས་འཚེ་བག་སོགས་མི་བདེ་བ་ལྟ་བུའི་གནས་ངན་ལེན་དང་ཡོངས་སུ་བྲལ་ཏེ་བདེ་བ་དང་། དེའི་སྟོབས་ཀྱིས་ལས་སུ་རུང་བའི་རླུང་ལུས་ལ་རྒྱུ་བས་ལུས་ལྕི་བ་སོགས་བཀོལ་དུ་མི་བཏུབ་པའི་གནས་ངན་ལེན་དང་བྲལ་ཏེ། སྒལ་ཚིགས་གསེར་གྱི་དོང་རྩེ་བརྩེགས་པ་ལྟ་བུ་དང་། ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་བ། འོ་མའི་ཆུ་རྒྱུན་དྲོན་མོས་ལུས་ལ་གཅིག་ཅར་ཁྱབ་པ་ལྟར་བདེ་བའི་རྣམ་པས། དགེ་བ་ལ་འདོད་དགུར་བཀོལ་དུ་བཏུབ་པ་ལུས་ཤིན་སྦྱངས་ཏེ། དེ་འདྲའི་ཤིན་ཏུ་སྦྱངས་པ་དེ་ཡང་དང་པོ་རགས་པ་དང་། དེ་ནས་ཕྲ་བ་རིམ་བཞིན་སྐྱེ་ལ། རགས་པའང་དང་པོ་ཕྲ་མོ་ནས་བརྩམས་མཐར་ཡོངས་སུ་རྫོགས་པ་གསལ་པོར་འབྱུང་ཞིང་། རགས་པ་དེས་སེམས་གཡོ་བས་ན་རིམ་བཞིན་དེའི་ཤུགས་ཟད་ནས་གྲིབ་མ་ལྟར་སྲབ་པའི་ཤིན་སྦྱངས་ཕྲ་མོ་མི་གཡོ་བ་ཏིང་ངེ་འཛིན་དང་མཐུན་པ་འབྱུང་ངོ་། །དེ་ལ་ཞི་གནས་ཞེས་བྱ་སྟེ། ཚུལ་དེས་བསྐྱེད་རྫོགས་གང་བསྒོམས་ཀྱང་ཚད་དང་ལྡན་པར་འགྱུར་རོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཤིན་སྦྱངས་

|; |@@@ | | }}

ཤིན་སྦྱངས་ (2)
Part of speech མིང་ཚིག
Definition ཤིན་ཏུ་སྦྱངས་པ་ནི་ལུས་དང་སེམས་ཀྱི་གནས་ངན་ལེན་རྒྱུན་གཅོད་པ་ལ་ལུས་སེམས་ལས་སུ་རུང་བའི་སེམས་བྱུང་ངོ་ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། ། ཤིན་ཏུ་སྦྱངས་པ་ནི་སེམས་དམིགས་པ་ལ་གཏད་བཟོད་པའི་ལས་སུ་རུང་བ་སྟེ། དབྱེ་ན་ལུས་ཤིན་ཏུ་སྦྱངས་པ་སྒོ་ལྔའི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བ་དང། སེམས་ཤིན་ཏུ་སྦྱངས་པ་ཡིད་ཤེས་ཀྱི་འཁོར་དུ་བྱུང་བ་གཉིས་སོ། །ལས་ནི་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་ཐམས་ཅད་སེལ་བར་བྱེད་པའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །

{{#arraymap:ཤིན་སྦྱངས་

|; |@@@ | | }}

ཤིན་སྦྱངས་ (3)
Part of speech མིང་ཚིག
Definition ལུས་སེམས་ལས་རུང་དུ་བྱེད་པའི་དགེ་སེམས་ཀྱི་འཁོར་དུ་བྱུང་བའི་སེམས་བྱུང་ཞིག་འཇོག་པ་ཡིན་ལ། སེམས་དམིགས་པ་ལ་རྩེ་གཅིག་ཏུ་གནས་པ་ཤིན་ཏུ་སྦྱངས་པ་ལ་བརྟེན་ནས་ལུས་སེམས་ཀྱི་གནས་ངན་ལེན་ཞི་བར་བྱས་ནས་དགེ་བའི་ཕྱོགས་སུ་ཇི་ལྟར་འདོད་འདོད་དུ་བཀོལ་ནུས་པའི་བྱེད་ལས་དང་ལྡན་པ་ཡིན་ནོ། །སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། སེམས་ཤིན་སྦྱངས་དང་། ལུས་ཤིན་སྦྱངས་གཉིས་ཡོད། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་བའི་དགོས་པ་ནི། ལུས་ཤིན་སྦྱངས་ཤིན་སྦྱངས་མ་ཡིན་པ་ཤེས་པའི་ཆེད་དུ་ཡིན། དེ་ཡང་མཐའ་དཔྱོད་ལས། ཁ་ཅིག ལུས་སེམས་ཤིན་སྦྱངས་ཀྱི་བདེ་བས་ཟིན་པའི་སྒོ་ནས་རང་གི་དམིགས་པ་ལ་འབད་མེད་ལྷུན་གྲུབ་ཏུ་འཇུག་པའི་ཏིང་ངེ་འཛིན་དེ། ཞི་གནས་ཀྱི་མཚན་ཉིད་ཟེར་བ་མི་འཐད་དེ། ནམ་མཁའ་མཐའ་ཡས་པའི་ལྷའི་རྒྱུད་ཀྱི་ཞི་གནས་དེ་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བས་མ་ཟིན་པའི་ཕྱིར་ཏེ། གཟུགས་མེད་ཁམས་ན་ལུས་སེམས་ཤིན་སྦྱངས་མེད་པའི་ཕྱིར་ཏེ། ལུས་ཤིན་སྦྱངས་ཡིན་ན། རེག་བྱའི་སྐྱེ་མཆེད་ཡིན་དགོས་པའི་ཕྱིར་ཏེ། སློབ་དཔོན་བློ་བརྟན་གྱིས། ལུས་ཀྱི་རེག་བྱའི་ཁྱད་པར་དགའ་བས་ཟིན་ན། ལུས་ཤིན་ཏུ་སྦྱངས་པར་རིག་པར་བྱ་སྟེ། ཡིད་དགའ་ན་སེམས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ཞེས་མདོ་ལས་འབྱུང་བའི་ཕྱིར་རོ། །ཞེས་གསུངས། གཞན་ཡང། ལུས་ཤིན་སྦྱངས་ཡིན་ན། རེག་བྱའི་སྐྱེ་མཆེད་ཡིན་དགོས་པར་ཐལ། ལུས་ཡིན་ན། རེག་བྱའི་སྐྱེ་མཆེད་ཡིན་དགོས་པའི་ཕྱིར། དེར་ཐལ། སྐྱེས་བུ་ལྷ་སྦྱིན་གྱི་ལུས་ཡིན་ན། རེག་བྱའི་སྐྱེ་མཆེད་ཡིན་དགོས་པའི་ཕྱིར་ཏེ། དེ་ཡིན་ན། ལུས་ཤེས་ཀྱིས་གཞལ་དགོས་པའི་ཕྱིར། ཞེས་གསུངས་པའི་ཕྱིར།

{{#arraymap:ཤིན་སྦྱངས་

|; |@@@ | | }}

ཤིན་སྦྱངས་ (4)
Part of speech མིང་ཚིག
Definition སེམས་དགེ་བའི་དམིགས་པ་ལ་ཇི་ལྟར་འདོད་པ་བཞིན་བཀོལ་དུ་རུང་བའི་ལག་རྗེས་འཇོག་པར་བྱེད་ཅིང་ལུས་སེམས་ཀྱི་གནས་ངན་ལེན་རྒྱུན་གཅོད་པའི་རིག་པ་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། ཤིན་ཏུ་སྦྱངས་པ་གང་ཞེ་ན། ལུས་དང་སེམས་ཀྱི་གནས་ངན་ལེན་རྣམས་ཀྱི་རྒྱུན་གཅོད་པའི་ཕྱིར་ལུས་དང་སེམས་ལས་སུ་རུང་བ་ཉིད་དེ། སྒྲིབ་པ་ཐམས་ཅད་སེལ་བའི་ལས་ཅན་ནོ། །ཞེས་གསུངས། དབྱེ་ན། ལུས་ཤིན་སྦྱངས་དང། སེམས་ཤིན་སྦྱངས་གཉིས་ཡོད། དངཔོ་ནི། ཏིང་ངེ་འཛིན་གྱི་མཐུས་ལུས་ཀྱི་གནས་ངན་ལེན་ལས་སུ་མི་རུང་བ་རྣམས་དག་ནས་ཤིང་བལ་གྱི་འདབ་མ་ལྟར་ལྡང་བ་ཡང་ཞིང་དགེ་བའི་བྱ་བ་ལ་ཅི་འདོད་དུ་བཀོལ་དུ་རུང་བ་ཞིག་གོ ། གཉིས་པ་ནི། ཏིང་ངེ་འཛིན་གྱི་མཐུས་སེམས་ཀྱི་གནས་ངན་ལེན་དང་བྲལ་ནས་སེམས་དམིགས་པ་ལ་ཐོགས་པ་མེད་པར་འཇུག་པ་སེམས་ལས་སུ་རུང་བ་ཞིག་ལ་ཟེར།

{{#arraymap:ཤིན་སྦྱངས་

|; |@@@ | | }}