From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཤེས་པ་བཅུ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། མདོ་ལས་ཤེས་པ་ནི་བཅུ་སྟེ། འདི་ལྟ་སྟེ། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའོ་ཞེས་གསུངས་པའི་ཤེས་པ་ཐམས་ཅད་རྣམ་པ་གཉིས་སུ་འདུས་ཏེ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །དེ་ལ་དང་པོ་ཟག་བཅས་ནི་ཀུན་རྫོབ་ཤེས་པ་ཞེས་བྱ་བ་ཡིན་ཏེ། རེས་འགའ་རང་དང་སྤྱིའི་མཚན་ཉིད་ཀྱང་འཛིན་ལ་ཕལ་ཆེར་བུམ་པ་སྣམ་བུ་དང་སྐྱེས་པ་བུད་མེད་ལ་སོགས་པ་ཀུན་རྫོབ་ཏུ་ཡོད་པའི་དངོས་པོ་ལ་དམིགས་པའི་ཕྱིར་རོ། །ཟག་མེད་ནི་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་རྣམ་པ་གཉིས་ཁོ་ན་ཡིན་ཏེ། སྡུག་བསྔལ་ཤེས་པ་ལ་སོགས་པ་ནི་འདི་གཉིས་སུ་འདུས་པའི་ཕྱིར་རོ། །དེ་ལ་ཀུན་རྫོབ་ཤེས་པའི་ཡུལ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཡིན་ཏེ། མིག་ཤེས་ཀྱིས་གཟུགས་ཤེས་པ་ལ་སོགས་པ་ཅི་རིགས་པར་ཐམས་ཅད་ལ་འཇུག་པའི་ཕྱིར་རོ། །ཆོས་ཤེས་པ་ཞེས་བྱ་བའི་སྤྱོད་ཡུལ་ནི་འདོད་པའི་སྡུག་བསྔལ་དང་སོགས་པས་བསྡུས་པ་ཀུན་འབྱུང་དང་འགོག་པ་དང་ལམ་རྣམས་ཡིན་ནོ། །རྗེས་སུ་ཤེས་པའི་སྤྱོད་ཡུལ་ནི་ཁམས་གོང་མ་གཉིས་པོའི་སྡུག་བསྔལ་དང་སོགས་པས་བསྡུས་པ་ཀུན་འབྱུང་དང་འགོག་པ་དང་ལམ་རྣམས་ཡིན་པས། དེ་ལྟ་ན་ཤེས་པ་གསུམ་ཡིན་ནོ། །ཆོས་ཤེས་པ་དང་རྗེས་སུ་ཤེས་པ་དེ་དག་ཉིད་སྡུག་བསྔལ་ཤེས་པ་ལ་སོགས་པ་བཞི་ཡིན་ཏེ། ཡུལ་བདེན་བཞི་ལ་དམིགས་པའི་བྱེ་བྲག་གིས་སོ། །ཆོས་ཤེས་རྗེས་ཤེས་ལས་ལྟ་བའི་རང་བཞིན་མ་ཡིན་པ་བདེན་བཞི་ལ་དམིགས་པའི་བྱེ་བྲག་གིས་སྡུག་བསྔལ་ཤེས་པ་ལ་སོགས་པ་རྣམ་པ་བཞི་པོ་དེ་དག་ཉིད་ནི་མི་སྐྱེ་བ་ཤེས་པ་དང་ཟད་པ་ཤེས་པ་གཉིས་སུ་འགྱུར་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རྗེས་སུ་སྐྱེས་པའི་བདེན་བཞིར་ཤེས་པ་གང་ཡིན་པའོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་དེ་གཉིས་དང་པོར་སྐྱེས་པ་ནི་སྡུག་བསྔལ་དང་རྒྱུ་ཀུན་འབྱུང་ལ་རྗེས་སུ་ཤེས་པ་ཡིན་ཏེ། སྲིད་རྩེའི་ཕུང་པོས་བསྡུས་པའི་སྡུག་བསྔལ་དང་ཀུན་འབྱུང་ལ་མི་རྟག་པ་ལ་སོགས་པ་དང་རྒྱུ་ལ་སོགས་པར་དམིགས་པའི་ཕྱིར་རོ། །དང་པོར་སྐྱེས་པ་ལས་གཞན་དེ་ཕྱིན་ཆད་ཀྱི་ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་བདེན་པ་གཞན་དག་ལའང་དམིགས་སོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་སྲིད་རྩེའི་བདེན་བཞི་ལ་དམིགས་ལ་ཟད་པ་དང་མི་སྐྱེ་བ་ཤེས་པ་དང་པོར་སྐྱེས་པ་སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་སོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་སྟེ་ཁྱད་པར་མེད་པ་ལ་ཁྱད་པར་བཏགས་པ་ཡིན་ནོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
|
| Domain
|
ཆོས་ལུགས།
|
ཤེས་པ་བཅུ་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། མ་ཧཱ་ཡོ་ག རྙིང་མ། ཤེས་པ་བཅུའམ། ཤེས་བཅུ་རྣམ་དག་ནི། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ་ལས། ཤེས་པ་བཅུ་ནི། ཆོས་ཤེས་པ་དང་། རྗེས་སུ་འགྲོ་བ་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། ཤེས་པ་བཅུ་པོ་དེ་རང་བཞིན་མེད་པར་ཤེས་པས་རྣམ་དག་གོ ། ཞེས་གསུངས།
|