89852

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་བཞིན་དུ་རྫུན་སྨྲ་བའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་གིས་ཕམ་པ་དང་སྦོམ་པོ་དང་ལྷག་མ་ཉེས་བྱས་ཀྱི་རྫུན་སོགས་ལས་གཞན་པའི་རྫུན་སྨྲས་ཏེ་ཕ་རོལ་པོ་བསླུས་པ་ལས་གྱུར་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་སློང་གིས་རང་ལས་གཞན་པའི་མི་ཐ་སྙད་ལྔ་ལྡན་ལ་རྫུན་བཞི་ལས་གཞན་པའི་རྫུན་ངག་མཚན་ཉིད་ལྔ་ལྡན་གྱིས་སྨྲས་པ་ཕ་རོལ་པོས་དོན་གོ་བ་ན་དེར་འགྱུར་བའི་ཕྱིར། མདོར། དེ་གཉིས་དང་ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མར་འགྱུར་བ་གཉིས་ལས་གཞན་པའི་རྫུན་སྨྲ་བའོ། །ཞེས་གསུངས། རྫུན་བཞི་ཡོད་དེ། ཕམ་པར་འགྱུར་བའི་རྫུན། ལྷག་མར་འགྱུར་བའི་རྫུན། སྦོམ་པོར་འགྱུར་བའི་རྫུན། ཉེས་བྱས་སུ་འགྱུར་བའི་རྫུན་རྣམས་སུ་ཡོད་པའི་ཕྱིར། དང་པོ་གཉིས། ཕམ་ལྷག་གི་སྐབས་སུ་བཤད་ཟིན་ལ། ཕྱི་མ་གཉིས་ནི་རྫུན་སྨྲ་བའི་ལྟུང་བྱེད་ཀྱི་སྐབས་འདིར་འཆད། དེ་ལྟར་འཆད་པའི་རྒྱུ་མཚན་ཡོད་དེ། རྫུན་བཞི་ལས་གཞན་དུ་དགེ་སློང་གི་རྫུན་སྨྲ་བ་ཐམས་ཅད་རྫུན་སྨྲའི་ལྟུང་བྱེད་དུ་འགྱུར་བའི་རྫུན་དུ་རྟོགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། སྦོམ་པོར་འགྱུར་བའི་རྫུན་སྨྲ་བ་ནི། འདིར་དགེ་འདུན་འདུས་པ་ལ་ཤེས་བཞིན་དུ་ཆོས་མིན་པ་ལ་ཆོས་སུ་དང་། ཆོས་ལ་ཆོས་མ་ཡིན་པར་སྟོན་པ་ནི་ཉེས་པ་སྦོམ་པོའོ། །ཞེས་གསུངས་པས་བསྟན་ཏེ།
Example ཤེད་བུ་སེར་སྐྱས་མའི་ངོ་མ་ཟློག་པར་ཆོས་ལོག་སྨྲས་པ་ལྟ་བུའོ། །ཉེས་བྱས་སུ་འགྱུར་བའི་རྫུན་སྨྲ་བ་ནི། འདིར། གསོ་སྦྱོང་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གསུམ་གྱི་བར་དུ་དྲིས་པ་ལས་མ་དག་པར་ཤེས་བཞིན་དུ་ཅང་མི་སྨྲ་བས་འདའ་བར་བྱེད་ན་ཉེས་བྱས་སོ། །ཞེས་གསུངས་པས་བསྟན། དྲིས་པའི་ཚེ་ཁ་རྣམ་པར་འགྱུར་བ་ལ་སོགས་པ་ལུས་ཀྱི་རྣམ་པར་རིག་བྱེད་ཡོད་པའི་ཕྱིར་ན་བཤགས་བྱའི་ཉེས་བྱས་ཡིན་ནོ། །གླེང་གཞིའི་དབང་དུ་བྱས་ན། བྱུང་ལ་མ་བཅས་པ་དང་། བྱུང་ལ་བཅས་པ་གཉིས་ཀྱི་དང་པོ་སྒྲ་གཅན་འཛིན་དང་། གཉིས་པ་ཤཱཀྱ་ལག་རྒྱུད་ལ་ཡིན། དགག་བྱ་ནི་གཞན་བསླུས་པའི་སྒོ་ནས་གཞན་ལ་གནོད་པའོ། །ཞེས་གསུངས།
Domain ཆོས་ལུགས།