From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཤེས་རབ་ཀྱི་སྤྱན་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། བདག་མེད་ཕྲ་རགས་སོགས་མངོན་སུམ་དུ་མཐོང་བའི་འཕགས་རྒྱུད་ཀྱི་ཤེས་རབ་ཞིག་ལ་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། རང་ཡུལ་དུ་གྱུར་པའི་བདག་མེད་ཕྲ་རགས་མངོན་སུམ་དུ་རྟོགས་པའི་ཆ་ནས་སྤྱན་དུ་བཞག་པས་རབ་ཏུ་ཕྱེ་བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་ཤེས་རབ་ཀྱི་སྤྱན་གྱི་མཚན་ཉིད། ས་མཚམས་འཕགས་རྒྱུད་ཁོ་ན་ལ་ཡོད། བྱེད་ལས་ནི་གདུལ་བྱ་འདུལ་བའི་ཐབས་བདག་མེད་པའི་དོན་མངོན་སུམ་དུ་རྟོགས་པར་བྱེད་པའོ། །ཞེས་གསུངས་སོ། །
|
| Domain
|
ཆོས་ལུགས།
|
ཤེས་རབ་ཀྱི་སྤྱན་ (2)
| Part of speech
|
མིང་ཚིག
|
| Definition
|
མཚན་ཉིད་ནི། བདག་རྐྱེན་ཕར་ཕྱིན་ལ་བརྟེན་ནས་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་ཡུལ་ཅན། ས་མཚམས་ནི། ས་བཅུ་གཅིག་གི་མཉམ་བཞག་ན་གཙོ་ཆེའོ། །ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས་སོ། ། རེད་མདའ་བས། ཆོས་ཐམས་ཅད་ལ་གང་ཟག་དང་ཆོས་ཀྱི་མཚན་མར་རྣམ་པར་མི་རྟོག་པའི་ཡུལ་ཅན་ཏེ། ཤེས་རབ་ཀྱི་མིག་གང་དང་ལྡན་པས། འདུས་བྱས་སམ། འདུས་མ་བྱས་སམ་ཞེས་པ་ནས། ཆོས་གང་ཡང་མ་མཐོང་། མ་ཐོས། མ་བསམས། ཁོང་དུ་མ་ཆུད་པ་འདི་ནི། ཤ་བུ་བྱང་ཆེན་ཤེས་རབ་ཀྱི་མིག་ཡོངས་སུ་དག་པའོ་ཞེས་སོ། །ཞེས་རྣམ་བཤད་ཉི་མའི་འོད་ཟེར་ལས་གསུངས་སོ། ། ཀུན་མཁྱེན་རོང་སྟོན་གྱིས། ཆོས་ཐམས་ཅད་ལ་བདག་གཉིས་ཀྱི་མཚན་མར་རྣམ་པར་མི་རྟོག་པའི་ཡུལ་ཅན་ནོ། །བཟོད་པའི་གཟུངས་དང་དོན་གཅིག་གོ ། དབྱེ་བ་ནི། གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་རྟོགས་པའི་བྱེ་བྲག་གིས་གཉིས་སོ། །ཞེས་རྣམ་བཤད་ཚིག་དོན་རབ་གསལ་ལས་གསུངས་སོ། ། ཀུན་མཁྱེན་གོ་རམས་པས། ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ས་བཅུ་གཅིག་གི་མཉམ་བཞག་རྣམས་སོ། །འདི་དང་དོན་དམ་སེམས་བསྐྱེད་དོན་གཅིག་གོ ། ཡང་དེ་ཉིད་ལས། ཤེས་རབ་ཀྱིས་བསྒོམ་པར་བྱ་བའི་བདག་མེད་གཉིས་ཤེས་སོ། །ཞེས་སྦས་དོན་ཟབ་མོ་ལས་སོ། ། པཎ་ཆེན་ཤཱཀ་མཆོག་གིས། ཐུན་མོང་གི་བདག་རྐྱེན་ཕར་ཕྱིན་དང་། ཐུན་མོང་མ་ཡིན་པའི་བདག་རྐྱེན་རྫུ་འཕྲུལ་གྱི་རྐང་པ་ལས་རང་ཡུལ་མངོན་སུམ་དུ་མཐོང་བའི་རིག་པ་གང་ཞིག་བདག་རྐྱེན་བསམ་གཏན་ས་དྲུག་པོ་གང་རུང་ལ་བརྟེན་ནས། བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སོ། །ཞེས་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས་གསུངས་སོ། །
|
ཤེས་རབ་ཀྱི་སྤྱན་ (3)
| Part of speech
|
མིང་ཚིག
|
| Definition
|
སྤྱན་ལྔ་པོ་གང་རུང་ཡང་ཡིན། རང་ཡུལ་དུ་གྱུར་པའི་བདག་མེད་ཕྲ་རགས་ཅི་རིགས་པ་མངོན་སུམ་གྱིས་རྟོགས་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་མཁྱེན་པར་དམིགས་པ། རང་ཉིད་གསུམ་པ་དེ་ཡིན་པའི་མཚན་ཉིད། ས་མཚམས་ནི། མཐོང་ལམ་མཉམ་གཞག་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད།
|
ཤེས་རབ་ཀྱི་སྤྱན་ (4)
| Part of speech
|
མིང་ཚིག
|
| Definition
|
རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་སྐྱེས་ཤིང༌། རང་ཡུལ་དུ་གྱུར་པའི་བདག་མེད་ཕྲ་མོ་མངོན་སུམ་དུ་རྟོགས་པའི་མཁྱེན་པ་དང་རང་ཡུལ་དུ་གྱུར་པའི་བདག་མེད་རགས་པ་མངོན་སུམ་དུ་རྟོགས་པའི་མཁྱེན་པ་གང་རུང་གིས་བསྡུས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའི་མཁྱེན་པ་དེ། ཤེས་རབ་ཀྱི་སྤྱན་གྱི་མཚན་ཉིད་ཡིན། ས་མཚམས་ནི། མཐོང་ལམ་བར་ཆད་མེད་ལམ་ནས། སངས་རྒྱས་ཀྱི་སའི་བར་ན་ཡོད།
|