90022

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་རབ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོ་ནི། མདོ་སྨད་རྩེ་གཞུང་བྲག་དམར་མདོ་ཞེས་པའི་ཡུལ། ཡབ་ནོའོ་ཁོ་ཟེར་བ་དང་། ཡུམ་ཙིན་ཐང་ཞེས་པ་གཉིས་ཀྱི་སྲས་སུ་རབ་ཏུ་བྱུང་བཅུ་གསུམ་པའི་ཆུ་ཕག་ཕྱི་ལོ་༡༨༠༣ལོར་སྐུ་འཁྲུངས། ཆུང་དུས་ཁུ་བོ་རྗེ་སང་བླ་མ་ལས་ཕྲལ་ཀློག་དང་སྦྱོར་ཀློག་ཐུགས་སུ་ཆུད། དགུང་ལོ་བཅུ་དྲུག་པ་རབ་བྱུང་བཅུ་བཞི་པའི་ས་རྟ་ཕྱི་ལོ་༡༨༡༨ལོར་དབེན་གནས་ཡིད་དགའ་ཆོས་འཛིན་བསམ་གཏན་འཕེལ་རྒྱས་གླིང་དུ། འཕགས་པ་གནས་བརྟན་ཆེན་པོ་དཀོན་མཆོག་དགེ་འདུན་ལས་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་དང་རབ་བྱུང་གི་ཚུལ་ཁྲིམས་མནོས་ཏེ་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས། དེ་ནས་ཡོངས་ཀྱི་བཤེས་གཉེན་ཆེན་པོ་དཀོན་མཆོག་དོན་ཡོད་དང་མཁྱེན་གཏེར་ངག་དབང་བཀྲ་ཤིས་ལས་བསྡུས་གྲྭ་དང་ཚད་མ། གུང་ཐང་བསྟན་པའི་སྒྲོན་མེ་ལས་བྱང་ཆུབ་བདེ་ལམ་དང་འཇམ་དཔལ་ཞལ་ལུང་གི་ཁྲིད་སོགས་ཆོས་བཀའ་བསམ་གྱིས་མི་ཁྱབ་གསན། དགུང་ལོ་བཅུ་བདུན་པ་ས་ཡོས་ལོར་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་ཉི་ཤུ་པ་ཆུ་རྟ་ལོ་ནས་ཕར་ཕྱིན་དང་དབུ་མ། ཉེར་དྲུག་པ་ས་བྱི་ལོ་ནས་མཛོད་ལ་སོགས་པ་གཞུང་པོད་ལྔ་ལ་མཐར་ཕྱིན་པར་སྦྱངས་ཏེ་མཁས་པའི་མཚན་སྙན་ཐོབ། དགུང་ལོ་ཉེར་བརྒྱད་པ་ལྕགས་སྟག་ཕྱི་ལོ་༡༨༣༠ལོར་སྐྱབས་མགོན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོས་མཁན་སློབ་སྦྲགས་མ་དང་། སྒོ་མེ་ལྷ་རམས་པ་བློ་བཟང་ཆོས་འཛིན་གྱིས་གསང་སྟོན་མཛད་དེ་རབ་བྱུང་དགེ་ཚུལ་བསྐྱར་སྒྲུབ་དང་དགེ་སློང་གི་སྡོམ་པ་མནོས། མཚན་ཤེས་རབ་རྒྱ་མཚོ་ཞེས་གསོལ། སྤྱིར་རྗེ་མཁས་གྲུབ་དམ་པ་མང་པོའི་ཞབས་ལ་གཏུགས་ཏེ་མདོ་སྔགས་ཀྱི་གཞུང་དང་དབང་ཁྲིད་མན་ངག་མཐའ་ཡས་པ་གསན། གསན་ཡིག་ལས། སྐྱབས་མགོན་ཐམས་ཅད་མཁྱེན་ཞིང་གཟིགས་པ་ཆེན་པོ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་དང་། འཇམ་དཔལ་དབྱངས་དངོས་དཀོན་མཆོག་བསྟན་པའི་སྒྲོན་མེ། སྤྱན་རས་གཟིགས་དབང་མཁན་ཆེན་གྲགས་པ་རྒྱལ་མཚན། གསང་བདག་གྲུབ་པའི་དབང་ཕྱུག་སྡེ་ཁྲི་རིན་པོ་ཆེ་འཇམ་དབྱངས་ཐུབ་བསྟན་ཉི་མ་ལ་སོགས་པའི་དགེ་བའི་བཤེས་གཉེན་འཇམ་པའི་དབྱངས་ལྟ་བུ་བཅུ་ཕྲག་གསུམ་དུ་ཉེ་བའི་ཞབས་ལ་གཏུགས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་དམ་པར་མ་ཆད་པ་ལས་བརྒྱུད་པའི་དབང་རྗེས་གནང་ཁྲིད་མན་ངག་མི་ཉུང་བ་ཙམ་འབད་པས་མནོས་ཞེས་གསུངས་པ་ལྟར་རོ། །ཕྱིས་སུ་བྲག་རི་དགོན་དང་། སྨན་ལུང་བཀྲ་ཤིས་ཆོས་འཕེལ་གླིང་། བྲག་དཀར་བྱང་ཆུབ་གླིང་སོགས་དགོན་སྡེ་མང་པོར་ཕེབས་ཏེ་དབང་ལུང་མན་ངག་གི་བདུད་རྩིའི་གྲུ་ཆར་ཚད་མེད་ཕབ་སྟེ་བསྟན་འགྲོར་སྨན་པའི་བྱ་བ་རྒྱ་ཆེན་པོ་མཛད། དགུང་ལོ་དོན་གསུམ་པ་རབ་བྱུང་བཅོ་ལྔ་པའི་ཤིང་ཕག་ཕྱི་ལོ་༡༨༧༥ལོར་སྐུ་གཤེགས།

{{#arraymap:ཤེས་རབ་རྒྱ་མཚོ་

|; |@@@ | | }}