90351

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤྲཱི་ཧེ་རུ་ཀཿ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། དཀོན་ཅོག་འགྲེལ་ལས། ཤྲཱི་ཧེ་རུ་ཀཿནི་སྒྲ་མང་དུ་འཇུག་མོད་ཀྱི། ཉེ་བར་དཔལ་ཁྲག་འཐུང་ཞེས་བྱ་བའི་སྒྲར་བཤད་དོ། །ཇི་ལྟར་ཞེ་ན། ཤྲཱི་དཔལ་དང་། གཡང་ངམ། དགེ་ཤིས་ཀྱི་ཚིག་གོ ། ཧེ་ནི་ཧེཧེཀྲིརཐ་སྟེ་སྤྱོད་ཅིང་བརྩེན་པའི་དོན། རུ་ནི་རུཏིར་སྟེ་ཁྲག་གི་སྒྲ། ཀ་ནི་བདག་པོའི་རྐྱེན་ཏེ། བསྡུས་ན་ཁྲག་ལ་རོལ་པས་ཧེརུཀཿཞེས་བཤད་དོ། །ཡང་གཞན་གྱིས་བཤད་པ། ཀ་ནི་ཀ་པཱ་ལ་སྟེ། ཐོད་པའི་བརྟུལ་ཞུགས་དང་ལྡན་པའོ། །དེ་ལྟར་ན་ཐོད་པ་ཁྲག་གིས་བཀང་བ་ལ་རོལ་པའི་བརྟུལ་ཞུགས་དང་ལྡན་པས་ཧེ་རུ་ཀཿཞེས་བཤད་དོ། །ཡི་གེ་ཡན་ལག་གི་དོན་བཤད་ན། ཤྲཱི་ནི་ཨཏྨམཤྲཱི་དང་པརཤྲཱི་སྟེ། བདག་དང་གཞན་གྱི་དཔལ་དུ་བཤད་དོ། །ཧེ་ནི་ཧེ་རུ་ཞེས་བྱ་སྟེ་རྒྱུའི་དོན་དང་། ཧེཀ་ཞེས་བྱ་སྟེ་དགྱེས་པའི་དོན་ནོ། །དབྱིངས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་ལ་བཤད་དོ། །རུ་ནི་རག་སྟེ་ཆགས་པ་དང་། རུརུདྲ་སྟེ་ཁྲོ་བོའི་དོན་ལ་འཇུག་པས། དེ་ལྟ་བུའི་ངང་ལས་ཐུགས་རྗེ་ཆེན་པོས་ཁྲོ་བར་སྟོན་པ་ལ་བཤད་དོ། །ཀ་ནི་ཀརྨ་སྟེ་ཕྲིན་ལས་དང་། ཀརུཎ་སྟེ་སྙིང་རྗེ་ལ་འཇུག་པས་ཁྲོ་བོའི་ཕྲིན་ལས་དེ་དག་ཀྱང་སྙིང་རྗེས་མཉམ་སྙོམས་སུ་མཛད་དོ་ཞེས་སྦྱར་རོ། །དེ་ལྟར་ན་ཡི་གེ་འབྲུ་བཞི་སྒྲ་བརྒྱད་ཀྱི་དོན་དང་ལྡན་པ་ནི་ཧེ་རུ་ཀཿཞེས་བྱའོ། །ཞེས་ཁ་ཅིག་གི་གཞུང་ལས་གྲགས་སོ། །གཞན་ཡང་ཧེ་གཟུང་བའི་ཡུལ་མ་སྐྱེས་པ། རུ་འཛིན་པའི་སེམས་མི་རྟོག་པ། ཀ་ཡུལ་སེམས་གཉིས་སུ་མེད་པ་སྟེ། ཆོས་ཀྱི་སྐུ་ལ་འཇུག་པར་ཡང་བཤད། ཧེ་བྱམས་པ། རུ་སྙིང་རྗེ། ཀ་དགའ་བ་དང་བཏང་སྙོམས་ཏེ། ཚད་མེད་པ་བཞི་དང་ལྡན་པར་བཤད་དོ། །གཞན་ལས། ཧེ་ཧེ་རུ་རུ་ཀ་ཞེས་བྱ་སྟེ། རྟ་སྐད་དྲག་པོས་གདུག་པ་ཅན་ཐམས་ཅད་རླག་པར་བྱེད་ཅིང་། རང་གི་ཚོགས་ཀྱི་དཀྱིལ་འཁོར་དགའ་བར་བྱེད་པར་བཤད། གཞན་ལས། ཧེ་ནི་ཧེཏུ་སྟེ་རྒྱུ་ལ་འཇུག རུ་ནི་རུདྲ་སྟེ་བསྐྱེད་པ་ལས་རྐྱེན་ཚོགས་པ་ལ་འཇུག ཀ་ཀཱཙིཏྟ་སྟེ་གང་ཡང་རུང་བ་ལ་འཇུག་ལ། ཡི་གེ་དེ་རྣམས་ཀྱི་གཞི་ནི་ཨ་སྟེ། མ་སྐྱེས་པའི་སྒོ་ཡིན་ཏེ། ཆོས་གང་རྒྱུ་དང་བྲལ་བ། ཚོགས་པ་དང་བྲལ་བ། གང་དུ་ཡང་མི་གནས་པའི་དོན་ནི་ཧེ་རུ་ཀཿཞེས་བཤད་དོ། །གཞན་ལས། ཤྲཱི་ནི་སྐལ་པ་སྟེ་བཙུན་མོའི་བདག་གོ ། ཧེ་རུ་ཀཿནི་བདེ་བ་ཆེན་པོའི་བྱང་ཆུབ་སེམསཏེ། ཤྲཱི་ལ་གནས་པའི་ཧེརུཀཿཞེས་བཤད་དོ། །སློབ་དཔོན་དཔེ་མེད་པའི་རྡོ་རྗེ་ཡིས་ཡི་གེ་འབྲུ་དྲུག་ཨའི་སྒྲས་ཕྱེ་ནས་ཆོས་སྐྱེ་བ་མེད་པའི་དོན་རྟོགས་པའི་སྒྲར་བཤད་དེ། དེ་དག་ལ་སོགས་པ་གཞུང་སོ་སོ་ལས་སྒྲ་མང་པོར་བཤད་མོད་ཀྱི། སྔོན་གྱི་མཁན་པོ་རྣམས་ཀྱིས་ཉེ་བའི་སྒྲ་ཁྲག་འཐུང་དུ་བཤད་དོ། །ཞེས་གསུངས། མཚན་གྱི་རྣམ་གྲངས་ལ། དཔལ་ཁྲག་འཐུང་། ཤྲཱི་ཧེ་རུ་ཀཿ བཅོམ་ལྡན་འདས་དཔལ་ཁྲག་འཐུང་། འབར་བ་ཆེན་པོ། མ་ཧཱ་ཤྲཱི་ཧེ་རུ་ཀཿ བཅས་སུ་གྲགས་སོ། །
Domain ལྟ་གྲུབ།