90603

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་དང་མ་འདྲེས་པའི་གནས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ས་དང་མ་འདྲེས་པའི་གནས་བཤད་དུ་ཡོད་དེ། སུམ་ཅུ་རྩ་གསུམ་གྱི་སྟེང་འཐབ་འབྲལ་ནས་འོག་མིན་གྱི་བར་གྱི་གཞལ་ཡས་ཁང་རྣམས་ས་དང་མ་འབྲེལ་བར་བར་སྣང་ལ་གནས་པ་རྣམས་དེ་ཡིན་པའི་ཕྱིར། ལྷ་རྣམས་ལས་འདོད་པ་སྤྱོད་པ་ནི། རྒྱལ་ཆེན་རིགས་བཞི་པ། སུམ་ཅུ་རྩ་གསུམ་པ། འཐབ་བྲལ་བ། དགའ་ལྡན་པ། འཕྲུལ་དགའ་བ། གཞན་འཕྲུལ་དབང་བྱེད་པ་དྲུག་ཡིན་ཏེ། དང་པོ་གཉིས་ནི་དབང་པོ་གཉིས་སྦྱོར་གྱིས་འཁྲིག་པ། གོང་མ་རྣམས་རིམ་པ་བཞིན་དུ་ཆགས་སེམས་ཀྱིས་འཁྱུད་པ་དང་། ལག་པ་བཅངས་པ་དང་། རྒོད་པ་དང་། བལྟས་པས་འཁྲིག་ཅིང་གདུང་བ་བཞིན་བར་བྱེད་པའི་ཕྱིར། འོན་ཀྱང་དེ་དག་གི་ཟས་ལ་མི་གཙང་བའི་རྒྱུ་མཐུན་མེད་པས་ཁུ་བ་ནི་མི་འབྱུང་གི་རླུང་གིས་བཏབ་པས་གདུང་བ་བྲལ་བ་ཡིན་ནོ། །འདོད་ལྷའི་སྐྱེ་ཚུལ་ཡོད་དེ། རྒྱ་ཆེན་རིགས་བཞི་པ་རྣམས་བྱིས་པ་ལོ་ལྔ་ལོན་པ་ནས་གཞན་འཕྲུལ་དབང་བྱེད་པ་བྱིས་པ་ལོ་བཅུ་ལོན་པའི་ཚད་ཙམ་དུ་སྐྱེ་བའི་བར་ལྷ་དེ་དང་དེའི་ཕྲག་པའམ་པང་བར་རྫུས་ཏེ་སྐྱེ་བའི་ཕྱིར། སྐྱེས་མ་ཐག་པ་དེས་ཀྱང་འདི་ནི་བདག་གི་ཕ་མའོ་སྙམ་དུ་སེམས་ཤིང་ལྷ་དེ་དག་གིས་ཀྱང་འདི་ནི་བདག་གི་བུ་མོའོ་སྙམ་དུ་སེམས་པའི་ཕྱིར། གཟུགས་ཀྱི་ལྷའི་སྐྱེ་ཚུལ་ཡོད་དེ། ཁམ་ཟས་ལ་མི་ལྟོས་པས་ལུས་ཀྱི་བོང་ཚོད་རྫོགས་ཤིང་ངོ་ཚ་ཁྲེལ་ཡོད་དང་ལྡན་པས་གོས་དང་བཅས་པར་སྐྱེ་འཆི་བྱེད་པའི་ཕྱིར། ལྷའི་གནས་རྣམས་ཀྱི་བར་ཐག་གི་ཚད་ཡོད་དེ། རྒྱལ་ཆེན་རིགས་བཞིའི་རྩ་བའི་གནས་བང་རིམ་གོང་མ་ནས་གནས་འོག་སྟེ་འཛམ་བུ་གླིང་དུ་དཔག་ཚད་བཞི་ཁྲི་ཡོད་པ་བཞིན་དུ་དེའི་གོང་མ་སུམ་ཅུ་རྩ་གསུམ་གྱི་བར་དུ་བཞི་ཁྲི་དང་། སུམ་ཅུ་རྩ་གསུམ་ནས་འཛམ་བུ་གླིང་དུ་དཔག་ཚད་བརྒྱད་ཁྲི་ཡོད་པ་བཞིན་དུ་དེ་ནས་འཐབ་བྲལ་གྱི་བར་ལ་དེ་སྲིད་ཡོད་པ་ནས་ཤིན་ཏུ་མཐོང་ནས་འཛམ་བུ་གླིང་དུ་ཅི་ཙམ་ཡོད་པ་དེ་བཞིན་དུ་དེ་ནས་འོག་མིན་གྱི་བར་དུ་དེ་ཙམ་ཡོད་པའི་བར་གཞན་རྣམས་ལ་ཡང་སྦྱར་བར་བྱ་བ་ཡིན་པའི་ཕྱིར།
Domain ཆོས་ལུགས།