90643

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་ནས་སར་འཕོ་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། བྱང་སེམས་འཕགས་པ་དེ་དག་གིས་ས་འོག་མའི་ཡོན་ཏན་རྫོགས་ནས་ས་གོང་མའི་ཡོན་ཏན་མངོན་དུ་བྱེད་པ་ལ་ས་ནས་སར་འཕོ་བ་ཞེས་བརྗོད། དེ་ཡང་པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། བཞི་པ་སའི་འཕོ་ཚུལ་ཡོད་དེ། ས་བཅུ་པོ་གང་དང་གང་གིས་ཡོངས་སྦྱོངས་མ་རྫོགས་པ་དེ་སྲིད་དུ་ས་དེ་ཡིན་ལ། ཡོངས་སྦྱོངས་རྫོགས་ནས་ས་གཞན་དུ་འཕོས་པར་འཇོག་པའི་ཕྱིར་ཏེ། འགྲེལ་ཆེན་ལས། དེ་ལ་ས་གང་གི་ཡོངས་སུ་སྦྱོང་བར་གྱུར་པ་མ་རྫོགས་པ་དེ་སྲིད་དུ་ས་དེ་ཡིན་ལ། ཡོངས་སུ་རྫོགས་ནས་ནི་ས་གཞན་ཡིན་པར་རིག་པར་བྱའོ། །ཞེས་གསུངས། འདི་ལ་བརྟེན་ནས་ས་བཅུ་ཀ་ལ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གང་རུང་མ་ཡིན་པའི་མཉམ་བཞག་རེ་རེ་ཁས་བླངས་དགོས་ཏེ། ས་དེའི་ཡོངས་སྦྱོངས་མ་རྫོགས་པ་དེ་སྲིད་དུ་ས་གཞན་དུ་མ་འཕོས་པར་བཤད། ས་དེའི་ཡོངས་སྦྱོངས་རྫོགས་པ་ལ་དེའི་རྗེས་ཐོབ་ཐོབ་དགོས་ཤིང། ས་འོག་མ་འོག་མ་ནས། ས་གོང་མ་གོང་མར་འཕོ་བའི་ཚེ་མཉམ་བཞག་ནས་མཉམ་བཞག་ཏུ་འཕོ་བ་ཡིན་པའི་ཕྱིར་ཏེ། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོ་ནས་ས་དང་པོར་འཕོ་བ་ནས་བརྩམས་ཏེ་རྒྱུན་མཐའི་བར་ཆད་མེད་ལམ་ནས་རྣམ་མཁྱེན་སྐད་ཅིག་དང་པོར་འཕོ་བའི་བར་དེ་ལྟར་ཡིན་པའི་ཕྱིར། ཞེས་གསུངས་སོ། །
Domain ཆོས་ལུགས།