90656
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ས་པཎ་རྟོགས་བརྗོད་བསྐལ་བཟང་ལེགས་ལམ་ཞེས་བྱ་བ་འདི་ནི། སྡེ་བ་རིན་སྤུངས་པ་ངག་དབང་འཇིགས་གྲགས་ཀྱིས་རང་ལོ་སོ་བརྒྱད་པ་རབ་བྱུང་དགུ་པའི་ས་ཡོས་ཕྱི་ལོ་༡༥༡༩ལོར་བརྩམས་པ་ཡིན། བརྗོད་བྱ་ས་སྐྱ་པཎྚི་ཏ་ཀུ་དགའ་རྒྱལ་མཚན་གྱི་ངོ་མཚར་རྨད་དུ་བྱུང་བའི་མཛད་པ་སརྒ་བཅུ་གཉིས་སུ་ཕྱེ་ནས་བསྟན་པ་ཞིག་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིགས་ཀྱི་མཆོག་ཏུ་ངེས་འགྱེད་གླེང་གཞི་སྐོར། ལྷུམས་སུ་ཞུགས་པ་དང་སྐུ་བལྟམས་པའི་སྐོར། གཞོན་ནུ་རོལ་རྩེད་དུས་ཀྱིས་སྐོར། རྒྱ་བོད་ཀྱི་ཡོངས་འཛིན་མཁས་ཤིང་གྲུབ་པ་རྣམས་ལས་དྲང་བ་དང་ངེས་པའི་ཆོས་ཇི་ལྟར་གསན་ཚུལ་སྐོར། རིག་པའི་གནས་ཆེན་པོ་ལྔ་ཡན་ལག་དང་བཅས་པ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་སྐོར། མཚུངས་པ་མེད་པའི་རིག་པས་ལོག་པར་སྨྲ་བ་རྣམས་ཚར་བཅད་པའི་སྐོར། བསྟན་བཅོས་ཇི་ལྟར་མཛད་པ་དང་རྒྱ་གར་གྱི་ཆོས་བོད་སྐད་དུ་བསྒྱུར་བའི་སྐོར། གྲུབ་པའི་འཁོར་ལོས་བསྒྱུར་པའི་སྐོར། རྒྱལ་པོ་གོ་དན་གྱིས་མ་ཧ་ཙི་ནའི་ཕོ་བྲང་དུ་སྤྱན་དྲངས་པའི་ལམ་གྱི་སྐོར། ཧོར་རྒྱལ་པོ་རྒྱལ་ཁམས་དང་བཅས་པ་རྟག་པར་དམ་པའི་ཆོས་ལ་བཀོད་པའི་སྐོར། མྱ་ངན་ལས་འདས་པའི་སྐོར། ཞལ་སྐྱེལ་སློབ་མའི་མཆོག་མཁས་ཤིང་གྲུབ་པ་བརྙེས་པ་དང་ཕྲིན་ལས་རྒྱུན་མི་ཆད་པའི་སྐོར་བཅས་སརྒ་བཅུ་གཉིས་རིམ་གྱིས་བཀོད་ཅིང་། རྗོད་བྱེད་ཚིག་སྙན་ངག་གི་རྒྱན་གྱིས་ཡོངས་སུ་མཛེས་པར་སྤུད་པས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་སྙན་ངག་གི་རྩོམ་ཕུལ་དུ་བྱུང་བའི་གྲས་སུ་འཇོག་པ་ཡིན། |