91128
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་ཀླུ་སྒྲུབ་ཀྱི་བླ་མ་སྟེ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་བསྟན་པ་གཙོ་བོར་སྤེལ་མཁན་རྒྱ་གར་གྱི་སློབ་དཔོན་ཞིག བྲམ་ཟེ་ཆེན་པོ་སྒྲ་གཅན་འཛིན་ཏེ་མིང་གཞན་དཔལ་ས་ར་ཧ་ཡང་ཟེར། འཁྲུངས་ཡུལ་རྒྱ་གར་ལྷོ་ཕྱོགས་བེ ངྷར་བྷ་དང་ཤར་ཕྱོགས་ཀྱི་གྲོང་ཁྱེར་རདྷེ་ཡིན་པའི་བཤད་སྲོལ་གཉིས་ཡོད་ལ། དེའི་ཕ་མ་གཉིས་ཀ་བྲམ་ཟེའི་ཆོས་པ་ཡིན་མོད། རང་ཉིད་སངས་རྒྱས་ཆོས་ལུགས་ལ་དད་པ་སྐྱེས་ནས་ཉིན་མོ་བྲམ་ཟེའི་ཆོས་ལུགས་དང་མཚན་མོར་སངས་རྒྱས་ཆོས་ལུགས་བྱས། སྐབས་འགར་ཆང་ཡང་འཐུང་བས་བྲམ་ཟེ་རྣམས་ཆོས་ལུགས་དང་འགལ་བར་མཐོང་ནས་རྒྱལ་པོ་ལ་ཞུས་པས་གནས་ནས་བསྐྲད། དེ་ནས་རྒྱལ་པོ་ཙན་དན་སྐྱོང་ཞེས་པ་དེ་རྒྱལ་སྲིད་ལ་འཁོར་དུས་ཙམ་ན་ནཱ་ལེནྡྲར་བྱོན་དེ་བཙུན་པ་ནག་པོ་ཞེས་བྱ་བ་ཞིག་ལས་བསྙེན་པར་རྫོགས་ཤིང་ཉན་ཐོས་ཀྱི་སྡེ་སྣོད་རྣམས་གསན། ཁ་ཅིག་ཏུ་བཙུན་པ་སྒྲ་གཅན་འཛིན་འོད་བྱང་བ་ལས་བསྙེན་པར་རྫོགས། དེའི་མཁན་པོ་ནག་པ་ཡིན་ཡང་ཟེར། སློབ་དཔོན་རྣམ་པར་མི་རྟོག་པ་ལ་སོགས་པ་སློབ་དཔོན་འགའ་ལས་ཐེག་པ་ཆེན་པོའི་ཆོས་ཀྱང་གསན་མོད་ཀྱི། གཙོ་བོར་གསང་བའི་བདག་པོ་ལ་སོགས་པ་ལྷག་པའི་ལྷ་རྣམས་ལས་ཐེག་པ་ཆེན་པོའི་མདོ་རྒྱུད་རྣམས་གསན། མདའ་མཁན་གྱི་བུ་མོ་ཕྱག་རྒྱ་ལ་བསྟེན་ཏེ་སྤྱོད་པ་ལ་གཤེགས། དབུ་མའི་ཆོས་ལུགས་དར་བར་མཛད། སྐུ་ཚེའི་སྨད་ལ་ལྷོ་ཕྱོགས་དཔལ་རིར་བྱོན་ནས་དེར་གསང་སྔགས་ཀྱི་ཆོས་མང་པོ་གསུངས་ཤིང་སློབ་དཔོན་ཀླུ་སྒྲུབ་སོགས་སློབ་མ་འགའ་ཞིག་བསྐྱངས། སློབ་དཔོན་འདི་བྲམ་ཟེའི་སྤྱོད་པ་ལ་གནས་པའི་དུས་ནི། རྣལ་འབྱོར་སྤྱོད་པའི་སློབ་དཔོན་ལྔ་བརྒྱ་པོ་རྣམས་བྱུང་བ་ཡིན་ལ། མཐར་དེ་ཉིད་ཀྱི་སྐུ་ཚེ་རིང་ལ། ཤེར་ཕྱིན་འབུམ་པ་མ་གཏོགས་ཐེག་པ་ཆེན་པོའི་མདོ་སྡེ་ཕལ་ཆེར་བྱུང་ཞེས་གྲགས་གོ། སློབ་དཔོན་འདིས་མཛད་པའི་བསྟན་བཅོས་བོད་དུ་བསྒྱུར་ཅིང་གྲགས་ཆེ་ནི། དོ་ཧ་མཛོད་དང་། སྐུའི་མཛོད་འཆི་མེད་རྡོ་རྗེའི་གླུ། གསུང་གི་མཛོད་འཇམ་དབྱངས་རྡོ་རྗེའི་གླུ། ཐུགས་གི་མཛོད་སྐྱེ་མེད་རྡོ་རྗེའི་གླུ། སྐུ་གསུང་ཐུགས་ཡིད་ལ་མི་བྱེད་པའི་ཕྱག་རྒྱ་ཆེན་པོ། མན་ངག་ཚིགས་སུ་བཅད་པ་བཅུ་གཉིས་པ། རང་བྱིན་གྱིས་བརླབས་པའི་རིམ་པ་བཅས་བཞུགས་སོ། ། |
| Foreign | རྒྱ་གར། |