91447
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། བདག་པོའི་རྐྱེན་ཆོས་ཀྱི་སྐུ་ལས་བྱུང་ཞིང་། དམིགས་པའི་རྐྱེན་སེམས་ཅན་ལ་དམིགས་པས་རབ་ཏུ་ཕྱེ་བའི་སངས་ཀྱི་མཛད་པའོ། །དབྱེ་བ་ནི། བྱེད་པ་པོ་སངས་རྒྱས་ཉིད་ཀྱི་ཐུགས་ལ་ཡོད་པ་དང་། ལས་སུ་བྱ་བ་སེམས་ཅན་གྱི་རྒྱུད་ལ་ཡོད་པའོ། །དང་པོ་ནི། སྤྱིར་སངས་རྒྱས་ཀྱི་སྐུ་ནི་གཉིས་ལས། རང་དོན་གྱི་སྐུ་ནི། ཕྲིན་ལས་སུ་མི་བཞག་ལ། །གཞན་དོན་གྱི་སྐུ་ནི། སངས་རྒྱས་སའི་ཆོས་ཅན་ཇི་སྙེད་པ་མ་ལུས་པའི་ཀུན་རྫོབ་ཀྱི་ངོ་བོ་སེམས་ཅན་ལ་ཇི་ལྟར་སྣང་བ་བཞིན་མཁྱེན་པའི་ཆ་དང་རང་གིས་ཇི་ལྟར་མཁྱེན་པ་དེ་ཉིད་གཞན་ལ་སྟོན་པའི་ཐུགས་རྗེའི་ཆ་ལ་གཞན་དོན་གྱི་སྐུ་ཞེས་བྱ་ལ། སྐུ་དེ་ཉིད་ལ་ཕྲིན་ལས་ཞེས་ཀྱང་བྱ་སྟེ། བྱེད་པ་པོ་རང་དོན་གྱི་སྐུ་གང་ཡིན་པ་དེའི་ལས་སུ་བྱ་བ་ཡིན་པའི་ཕྱིར། གཞན་དོན་གྱི་སྐུ་དེ་ལའང་གཉིས་ཏེ། བྱེད་པ་པོ་ཆོས་སྐུ་དང་དབྱེར་མེད་དུ་འདྲེས་པ་མཁྱེན་བརྩེའི་ངོ་བོར་གནས་པ་དང་། བྱ་བ་ཡུལ་གྱི་ཤེས་རྒྱུད་ཀྱི་བསྡུས་པ་གཟུགས་སྐུའི་རྣམ་རོལ་དུ་སྣང་བའོ། །དེ་ལྟར་ན་སངས་རྒྱས་ཀྱི་གཟུགས་སྐུ་ནི། བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་སུ་ངེས་ལ། ལོངས་སྤྲུལ་གྱི་སྐུ་གཉིས་ལ་ནི་དངོས་དང་རྗེས་མཐུན་པ་སེམས་ཅན་གྱི་ཤེས་རྒྱུད་ལ་སྣང་བ་གཉིས་ལས་དང་པོ་བྱེད་པོ་ལ་ཡོད་པ་དང་། གཉིས་པ་ནི་བྱ་བ་ཡུལ་ལ་ཡོད་པའོ། །བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་ལ་ངོ་བོ་ནི། བདག་རྐྱེན་གྱི་ཁྱད་པར་སངས་རྒྱས་ཀྱི་ཡེ་ཤེས་ལས་བྱུང་ཞིང་། གནས་ཀྱི་ཁྱད་པར་སེམས་ཅན་གྱི་ཤེས་རྒྱུད་ལ་གནས་ཏེ། བྱེད་ལས་ཀྱི་ཁྱད་པར་ཕན་པ་དང་བདེ་བའི་རྒྱུ་བྱེད་པའོ། །དབྱེ་བ་ལ། ལུང་དང་། རྟོགས་པ་གཉིས་ལས། དང་པོ་ནི་མཚན་ཉིད་པ་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་དང་། རྗེས་མཐུན་པ་རིག་བྱེད་ཀྱི་བསྟན་བཅོས་ལས་འབྱུང་བའི་མི་དགེ་བ་བཅུ་སྤངས་དགོས་པར་སྟོན་པའི་ངག་ལྟ་བུ་རྣམས་ཀྱང་ཡིན་ནོ། །དེ་ཇི་ལྟར། མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་ལྷན་ཅིག་བྱེད་རྐྱེན་གྱི་ཐབས་ཤིག་གང་ན་སྣང་ཡང་སངས་རྒྱས་ཀྱི་ཕྲིན་ལས་ལས་མ་འདས་པའི་ཕྱིར། །གཉིས་པ་ལ་མཚན་ཉིད་པ་འགོག་ལམ་ཟག་མེད་དང་། རྗེས་མཐུན་པ་ལམ་ཟག་བཅས་རྣམས་དང་། དེས་ཐོབ་པའི་འགོག་པ་རྣམས་སོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་དབུ་མ་རྣམ་ངེས་ལས་གསུངས་སོ། ། པཎ་ཆེན་ཤཱཀ་མཆོག་གིས་དེ་ལ་ས་མཚམས་ཀྱི་སྒོ་ནས་དབྱེ་ན། བྱེད་པ་པོ་ལ་ཡོད་པའི་ཕྲིན་ལས་དང། བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་གཉིས། ངོ་བོའི་སྒོ་ནས་དབྱེ་ན། ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་། རྒྱུན་མི་ཆད་པའི་ཕྲིན་ལས་གཉིས། རྟེན་གྱི་སྒོ་ནས་དབྱེ་ན། གདུལ་བྱ་ལམ་གྱི་རྟེན་ལ་འགོད་པ། གདུལ་བྱ་སློབ་ལམ་ལ་འགོད་པ། ལམ་གྱི་འབྲས་བུ་ལ་འགོད་པ་དང་གསུམ་མོ་ཞེས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། ། |
| Domain | ཆོས་ལུགས། |