91500

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཀྱི་ཡེ་ཤེས་ (1)
Part of speech མིང་ཚིག
Definition མདོ། དབུ་མ། དོན་དམ་དང། ཀུན་རྫོབ་གཉིས་ལས། དང་པོ་ནི། བློའི་ཡུལ་ལས་འདས་པའི་ཕྱིར། ཡོད་མེད་ཀྱི་མཐའ་ཐམས་ཅད་ལས་གྲོལ་ལོ། །གཉིས་པ་ཀུན་རྫོབ་ཏུ་ཡང་སེམས་དང་སེམས་ལས་བྱུང་བ་ལ་ཡེ་ཤེས་སུ་འདོགས་ན། མེད་དེ་འཁྲུལ་པ་ཟད་པའི་ཕྱིར་རོ། །ཤེས་བྱ་མ་ལུས་པ་མཁྱེན་པ་ལ་ལྟོས་ནས་ཡེ་ཤེས་ཡོད་དེ། གནས་གྱུར་གྱི་སྐུ་བརྙེས་པའི་ཕྱིར་རོ། །གནས་གྱུར་པ་དེ་ཡང་སློབ་དཔོན་ཙནྡྲ་གོ་མིས་སངས་རྒྱས་ཀྱི་ས་ལས། ཀུན་གཞིའི་རྣམ་ཤེས་གང་ཡིན་པ། །དེ་ནི་མེ་ལོང་ཡེ་ཤེས་གྱུར། །དེ་ཡང་ཆོས་ཀྱི་དབྱིངས་ཉིད་ཀྱི། །ངོ་བོ་ཉིད་དུ་ཡང་དག་གསལ། །ཉོན་མོངས་ཅན་ཡིད་གནས་གྱུར་པ། །མཉམ་ཉིད་ཡེ་ཤེས་དག་ཏུ་འདོད། །ཡིད་ཀྱི་ཡེ་ཤེས་གནས་གྱུར་པ། །སོ་སོར་རྟོག་པ་ཅན་ཞེས་བྱ། །སྒོ་ལྔའི་རྣམ་ཤེས་གནས་གྱུར་པ། །དེ་ནི་དོན་ཀུན་འགྲུབ་པ་ཉིད། །ཅེས་གསུངས་པ་ལྟར་རོ། །ཞེས་ཆོས་རྗེ་ས་པཎ་གྱི་ཐུབ་པ་དགོངས་གསལ་ལས་གསུངས་སོ། ། སངས་རྒྱས་ཀྱི་མཉམ་བཞག་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་སྟོང་ཉིད་དུ་རོ་གཅིག་པར་ཁོང་དུ་ཆུད་པའི་ངང་ནས་ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཤེས་བྱ་མ་ལུས་པ་ཐུགས་སུ་ཆུད་པར་བཞེད་དོ། །དེ་ཡང་སྣང་མེད་ཀྱི་མཉམ་བཞག་གཅིག་གིས་ཆོས་ཉིད་ཀྱི་རྣམ་པར་འཛིན་བཞིན་པའི་ངང་ནས་ཆོས་ཅན་རྟེན་ཅིང་འབྲེལ་བར་འབྱུང་བ་གཞན་གྱིས་བཏགས་པ་རྣམས་སྣང་བ་མེད་པའི་ཚུལ་དུ་མཁྱེན། ཆོས་ཉིད་ལ་ཅིར་ཡང་སྣང་བ་མེད་ཀྱང་མཁྱེན་པ་མི་གསལ་བ་བཞིན་ནོ། །འཇུག་པ་ལས། རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ནས། །མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །ཅེས་པ་ལྟར་རོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རིགས་ཚོགས་ཀྱི་དཀའ་གནད་ལས་གསུངས་སོ། ། རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཤེས་བྱ་སྐྱེ་འགག་རྟག་ཆད་ལ་སོགས་པའི་སྤྲོས་པའི་བུད་ཤིང་བསྲེགས་ནས་སྤྲོས་པ་མཐའ་དག་ཞི་བའི་ཆོས་དབྱིངས་དང། སྔར་གྱི་རིག་པའི་རྒྱུན་དེའང་སྐྱེ་འགག་ལ་སོགས་པའི་སྤྲོས་པ་མཐའ་དག་ཞི་ནས་དེ་གཉིས་དབྱེར་མེད་དུ་གྱུར་པ་ལ་ཡེ་ཤེས་སུ་འཇོག་པའི་ཕྱིར་རོ། །ཀླུ་སྒྲུབ་ཀྱིིས། དྲི་མ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་རྒྱལ་མཚོ་རྣམ་པར་གནས། །ཞེས་དང་། འཇུག་འགྲེལ་ལས། དེར་མངོན་པར་རྫོགས་པར་འཚང་རྒྱ་བ་ན། བཅོམ་ལྡན་འདས་ཀྱིས་སྐད་ཅིག་གཅིག་ཁོ་ན་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་སོ། །ཞེས་གསུངས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མའི་སྤྱི་དོན་ལས་གསུངས་སོ། །
Domain ཆོས་ལུགས།
སངས་རྒྱས་ཀྱི་ཡེ་ཤེས་ (2)
Part of speech མིང་ཚིག
Definition ཕར་ཕྱིན། མཚན་ཉིད་ནི། གནས་གྱུར་མཐར་ཐུག་པའི་ཡེ་ཤེས་སོ། །དབྱེ་ན། མེ་ལོང་ལྟ་བུའི་ཡེ་ཤེས། མཉམ་པ་ཉིད་ཀྱི་ཡེ་ཤེས། སོ་སོར་རྟོག་པའི་ཡེ་ཤེས། བྱ་བ་གྲུབ་པའི་ཡེ་ཤེས་དང་བཞི་ཡིན་ལ། སྐབས་འགའ་ཞིག་ཏུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་གསུངས་པ་ནི་ངོ་བོ་ཉིད་ཀྱི་སྐུ་ལ་ཡེ་ཤེས་ཀྱི་མིང་གིས་བཏགས་པ་ཡིན་ནོ། །ཡེ་ཤེས་དང་པོ་ནི། མི་གཡོ་བ་དང་རྟེན་ཡིན་ལ། གསུམ་ནི། གཡོ་བ་དང་དེ་ལ་བརྟེན་པ་ཡིན་ནོ། །དེ་སྐད་དུ་ཡང། མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །ཞེས་སོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །