91507

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཀྱི་ཡོན་ཏན་སོ་སྐྱེ་དང་ཐུན་མོང་བ་ (1)
Part of speech མིང་ཚིག
Definition སོ་སོའི་སྐྱེ་བོ་དང་ཐུན་མོང་དུ་གྱུར་པའི་སངས་རྒྱས་ཀྱི་མ་འདྲེས་པའི་ཡོན་ཏན་རྣམས་ཏེ། མངོན་ཤེས་དྲུག་ལས་དང་པོ་ལྔ་སྟེ། རྫུ་འཕུལ་གྱིས་ཡུལ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་དང་། ལྷའི་རྣ་བ་དང་། སེམས་ཀྱི་རྣམ་གྲངས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། འཆི་འཕོ་བ་དང་སྐྱེ་བ་མངོན་པར་ཤེས་པ་སྟེ་ལྔའོ། །དྲུག་པ་ཟག་ཟད་པ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་ཤེས་པ་ནི་འཕགས་པ་ཁོ་ནའི་རྒྱུད་ལ་ཡོད་པས་སོ། །དེ་དག་གི་ངོ་བོ་ནི། དེ་དག་ཐམས་ཅད་དཔེར་ན་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་འདུས་བྱས་རྣམ་གྲོལ་ལམ་གྱི་རང་བཞིན་ཡིན་པ་ལྟར་རྣམ་པར་གྲོལ་བའི་ལམ་གྱི་བློ་ཤེས་རབ་ཀྱི་རང་བཞིན་ཡིན་ནོ། །དེ་དག་ལས་སེམས་ཀྱི་རྣམ་གྲངས་དང་ཟག་པ་ཟད་པ་ཤེས་པའི་མངོན་པར་ཤེས་པ་མ་གཏོགས་པ་གཞན་བཞི་ནི་ཤེས་པ་བཅུ་ལས་ཀུན་རྫོབ་ཤེས་པའི་བདག་ཉིད་དེ། ཟག་བཅས་ཁོ་ན་ཡིན་པའི་ཕྱིར་རོ། །སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པ་ནི་ཤེས་པ་བཅུ་ལས་ལྔ་ཡིན་ཏེ། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། ལམ་དང་ཀུན་རྫོབ་དང་། ཕ་རོལ་གྱི་སེམས་ཤེས་པ་རྣམས་སོ། །ཟག་པ་ཟད་པའི་ཤེས་པ་ནི་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཇི་སྐད་དུ་བཤད་པ་དེ་བཞིན་དུ་ཤེས་པ་དྲུག་གམ་བཅུ་ཡིན་པ་དེ་ཡང་རིག་པར་བྱ་ལ། དེ་བཞིན་དུ་འདི་ནི་ས་ཐམས་ཅད་པ་ཡིན་པར་ཡང་ཤེས་པར་བྱའོ། །གཞན་མངོན་པར་ཤེས་པ་ལྔ་ནི་བསམ་གཏན་བཞིའི་ས་པ་དག་ཡིན་ཏེ། འདི་དག་བསམ་གཏན་ཁྱད་པར་ཅན་གྱི་ས་པ་མ་ཡིན་ཏེ་ལྷག་མཐོང་ཤས་ཆེ་བས་ལམ་སླ་བ་མ་ཡིན་པའི་ཕྱིར་རོ། གཞན་ཡང་གཟུགས་མེད་ན་མེད་དེ། རྫུ་འཕྲུལ་དང་ལྷའི་རྣ་བ་དང་འཆི་འཕོ་དང་སྐྱེ་བ་ཤེས་པ་གསུམ་ནི་གཟུགས་ལ་དམིགས་པའི་ཕྱིར་དང་། སེམས་ཀྱི་རྣམ་གྲངས་དང་སྔོན་གྱི་གནས་རྗེས་སུ་དྲན་པའང་གཟུགས་ཀྱི་དམིགས་པ་ལ་བརྟེན་དགོས་པའི་ཕྱིར་རོ། །
Domain ཆོས་ལུགས།