91527

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཀྱི་སྐུ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། འཇམ་དཔལ་གྱི་ལྟ་བའི་འདོད་པ་མདོར་བསྟན་པའི་མདོ་ལས། སྐུ་གཅིག་ནས་ལྔའི་བར་གྱི་རྣམ་གཞག་བཤད་པ་ཡོད་ཀྱང་། བྱམས་མགོན་དང་ཀླུ་སྒྲུབ་ཀྱི་གཞུང་ལས། སྐུ་གཉིས་ཀྱི་རྣམ་གཞག་གསུངས་ལ། དང་པོ་ནི་རྒྱུད་བླར། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ནི། །ཡོན་ཏན་བྱེ་བ་དྲུག་ཅུ་བཞི་འདི་དག ། ཅེས་དང་། རིག་པ་དྲུག་ཅུ་པ་ལས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག ། ཅེས་དང་། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །དེ་བཞིན་ཆོས་ཀྱི་སྐུ་དག་ནི། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་པ་རྣམས་ཀྱིས་སྟོན་ཏོ། །དེ་ལ་གཟུགས་སྐུ་གཞན་དོན་ཀུན་རྫོབ་པའི་སྐུ་ཡིན་པར་གསུངས་པ་ནི། འཇིག་རྟེན་མཐུན་འཇུག་ལྟར་ན། གདུལ་བྱའི་རྣམ་རིག་ལ། ལོངས་སྐུ་དང་སྤྲུལ་སྐུ་དངོས་སྣང་བ་ཉིད་ཡིན་ལ་ཐ་སྙད་དཔྱོད་པའི་རིགས་པ་ལྟར་ན། སངས་རྒྱས་རང་སྣང་གི་སྐུ་གཉིས་སྟེ། རྒྱུད་བླར། རང་བཞིན་གནས་རིགས་ཆོས་སྐུའི་རྒྱུ་དང་། རྒྱས་འགྱུར་གྱི་རིགས་གཟུགས་སྐུའི་རྒྱུར་གསུངས་ཤིང་། ཀླུ་སྒྲུབ་ཀྱི་གཞུང་ལས་ཚོགས་གཉིས་པོ་སྐུ་གཉིས་ཀྱི་རྒྱུར་གསུངས་པའི་དོན། སངས་རྒྱས་རང་གི་སྔོན་གྱི་རིགས་གཉིས་དང་། ཚོགས་གཉིས་ལ་འཇོག་དགོས་ལ། དེ་ནི་གདུལ་བྱའི་རྣམ་རིག་གི་རྒྱུར་མི་རུང་བའི་ཕྱིར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མ་སྤྱི་དོན་ལས་གསུངས་སོ། །
Domain ཆོས་ལུགས།