From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སངས་རྒྱས་གསུམ་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་གྲོང་ཁྱེར་གསུམ་སོ་སོའི་ཆེད་དུ་སྣང་བའི་སྐུ་གསུམ་མམ་སངས་རྒྱས་གསུམ་སྟེ། འདུས་བྱས་ཀྱི་སངས་རྒྱས་དང། འདུས་མ་བྱས་ཀྱི་སངས་རྒྱས་དང། གཟུགས་ཀྱི་སངས་རྒྱས་བཅས་གསུམ་མོ། །གཟི་ལྡན་འཆར་ཁའི་འོད་སྣང་ལས། ལངྐའི་བདག་པོ། གྲོང་ཁྱེར་གསུམ་གྱི་ཆེད་དུ་སངས་རྒྱས་གསུམ་ཉེ་བར་སྣང་བར་མཛད་པ་ནི་འདི་ལྟ་སྟེ། རྒྱུད་གཅིག་པའམ་ཐ་དད་པ་གཉིས་ཀར་སྦྱར་ཏེ། མི་སྣང་བའི་ཆེད་དུ་ངོ་བོ་ཉིད་ཀྱི་སྐུ་རྒྱུ་རྐྱེན་དང་བྲལ་བས་འདུས་མ་བྱས་ཀྱི་སངས་རྒྱས་སུ་བསྟན་པ་དང༌། སྣང་བའི་ཆེད་དུ་ཆོས་ཀྱི་སྐུ་ཚོགས་ལས་གྲུབ་པས་འདུས་བྱས་ཀྱི་སངས་རྒྱས་སུ་བསྟན་པ་དང༌། ཞེན་པའི་ཆེད་དུ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་གསང་བའི་སྐུ་གདུལ་བྱ་ལ་སྣང་བས་ཁམས་གསུམ་འདུལ་བ་གཟུགས་ཀྱི་སངས་རྒྱས་སུ་བསྟན་པ་དང་གསུམ་མོ། །ཞེས་གསུངས་སོ། །
|
| Domain
|
ཆོས་ལུགས།
|
སངས་རྒྱས་གསུམ་ (2)
| Part of speech
|
མིང་ཚིག
|
| Definition
|
རྫོགས་ཆེན། རྙིང་མ། སངས་རྒྱས་གསུམ་ནི། ཉི་ཟླ་འབར་བའི་སྒྲོན་མ་ལས། སངས་རྒྱས་ཐོག་མ་ཐ་མ་མེད། །ཅེས་པ། སངས་རྒྱས་ལ་གསུམ་སྟེ། ཡེ་ཇི་བཞིན་པའི་སངས་རྒྱས་དང་། གཞི་ལྷུན་གྲུབ་ཀྱི་སངས་རྒྱས་དང་། རྟོགས་པ་མངོན་གྱུར་གྱི་སངས་རྒྱས་དང་གསུམ་མོ། །གཞི་ལྷུན་གྲུབ་ཀྱི་སངས་རྒྱས་ལ་ཐོག་མ་དང་ཐ་མ་གཉིས་ཀ་མེད་དོ། །རྟོགས་པ་མངོན་གྱུར་གྱི་སངས་རྒྱས་ལ་ཐོག་མ་བར་མེད་ཐ་མ་ཡོད་དོ། །ཡེ་ཇི་བཞིན་པའི་སངས་རྒྱས་ནི་ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་ཞེས་བྱའོ། །སངས་པ་ནི་བག་ཆགས་དང་སྒྲིབ་གཡོགས་སངས། རྒྱས་པ་ནི་ཆོས་ཉིད་ཡེ་ཤེས་རྒྱས། ཐོག་མ་ནི་གཞིའི་བཞུགས་ཚུལ་ལོ། །ཐ་མ་ནི་འཁོར་བའི་སེམས་ཅན་གྱི་སྣང་ཚུལ་ལོ། །མེད་ཅེས་པ་དེ་གཉིས་ཀ་གཞི་ལ་དབྱེར་མེད་པའོ། །ཞེས་གསུངས།
|