92177

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སི་ཏུ་འགྲོ་མགོན་རས་ཆེན་ (1)
Part of speech མིང་ཚིག
Definition གྲོ་མགོན་རས་ཆེན་བསོད་ནམས་གྲགས་པ་ནི། ཕྱི་ལོ་ ༡༡༤༨ རབ་བྱུང་གསུམ་པ་ས་ཕོ་འབྲུག་གི་ལོར། གདུང་རུས་གྲུ་གུ་ཡུལ་ཡར་ཀླུངས་སུ་ཡབ་གཙང་པ་དཔལ་གྲགས་དང་ཡུམ་བཙུན་ཆུང་མ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དགུར་བཞེས་པའི་དུས་སུ་འཁོར་བ་ལ་སྐྱོ་བ་སྐྱེས་ཤིང་མི་རྟག་པས་རྒྱུད་བསྐུལ་ནས། ཟངས་རིར་ཆོས་བྲོས་ལ་བྱོན་ཏེ་ཟངས་རི་རས་པ་ལས་གདམས་ངག་མང་པོ་ཞུས་ཏེ་བསྒོམ་པ་ཙམ་གྱིས་བདེ་གསལ་མི་རྟོག་བའི་ཉམས་ཉིན་མཚན་འདྲེས་པར་བྱུང་ནས་ན་བཟའ་རས་རྐྱང་མཛད་པས་རས་ཆེན་དུ་གྲགས། གཞན་ཡང་ཕག་མོ་གྲུ་པ་དང་གྲུབ་ཐོབ་དར་མ་རིན་ཆེན་སོགས་དགེ་བའི་བཤེས་གཉེན་དུ་མ་ལས་གདམས་ངག་ཟབ་དགུ་ཞུས་ཏེ་གནས་ངེས་མེད་དུ་བསྒོམས་པས་རྟོགས་པའིི་རྒྱལ་སར་གཤེགས། ཡི་དམ་ལྷ་ཡིས་ཞལ་གཟིགས་རྒྱུན་ཆད་མེད་ཅིང་སྣང་སྲིད་ལ་མངའ་དབང་འབྱོར། ཁམས་ཀྱི་ཕྱོགས་སུ་རླབས་ཆེ་བའི་སྙན་པ་ཕྱོགས་མེད་དུ་རྒྱས། ཀཾ་པོ་གནས་ནང་ན་ཆོས་རྗེ་དུས་གསུམ་མཁྱེན་པ་ཡབ་སྲས་ཀྱི་ཉམས་རྟོགས་ཡོན་ཏན་གྱི་ཐུགས་ཡིད་འཕྲོག་སྟེ་རྗེས་སུ་བཟུང་གདམས་ངག་མང་པོ་ཞུས་ཤིང་གདུལ་བྱའི་སྐུ་བསོད་རྒྱས་པར་ལུང་བསྟན། ཆོས་རྗེ་དུས་གསུམ་མཁྱེན་པ་འོག་མིན་ཀརྨའི་གདན་སར་ཕེབས་བཞུགས་སྐབས་བགྲང་བྱ་གསུམ་རིང་འབྲལ་མེད་དུ་བསྟེན་ཏེ་གདམས་ངག་མ་ལུས་པ་ཞུས། རྗེ་དུས་གསུམ་མཁྱེན་པ་དབུས་སུ་བཞུད་ཁར་བསྟན་པ་དང་གདན་ས་གཏད་པར་མཛད་པ་སྟེ། རྗེ་དུས་གསུམ་མཁྱེན་པས་འགྲོ་མགོན་རས་ཆེན་ལ་ཁྱེད་ཀྱིས་གདན་ས་འདི་བཟུང་ལ་དར་རྒྱས་སུ་གྱིས་ཞིག། ངེད་ཅག་ཚེ་རབས་ཕྲེང་བ་ཐམས་ཅད་དུ་འབྲལ་བ་མེད་ཅིང་ཁོ་བོའི་ཕྲིན་ལས་ཀྱི་མཐའ་ཡང་ཁྱེད་ཀྱིས་བསྐྱང་དགོས་པ་ཡིན་ཞེས་འོག་མིན་ཀརྨའི་གདན་སར་རྒྱལ་ཚབ་དུ་མངའ་གསོལ། གང་གི་བསྟན་པའི་མཐའ་སྐྱོང་པ་པོ་དང་སྐྱེ་བའི་ཕྲེང་བར་འབྲལ་མེད་ཐུགས་ཡིད་དབྱེར་མེད་དུ་ལུང་བསྟན་པ་བཞིན་གདན་སར་ཆོས་རྗེ་རིན་པོ་ཆེའི་སྐུ་ཚབ་ཏུ་བཞེངས། འགྲོ་མགོན་ཁྱོམས་ཆེན་དུ་གྲགས་པའི་ལྷ་ཁང་གླིང་གི་བཀོད་པ་དང། དགེ་འདུན་གྱི་འདུས་སྒོ་སོགས་དར་རྒྱས་དཔག་མེད་མཛད་དེ་རྒྱལ་མཆོག་ཀརྨ་པའི་བསྟན་པ་འཛིན་སྐྱོང་སྤེལ་བ་ལ་ཐུགས་བསྐྱེད་དང་ཕྲིན་ལས་འགྲན་ཟླ་དང་བྲལ་བ་རྗེ་དུས་གསུམ་མཁྱེན་པའི་ཐུགས་སྲས་བརྒྱུད་འཛིན་བུ་བཞིའི་ཡ་གྱལ་དང་བཀའ་བབ་ཀྱི་བུ་ཆེན་ལྔ་ལས་འགྲོ་དོན་ཕྲིན་ལས་ཀྱི་བཀའ་བབ་པའོ། །མཐར་དགུང་ལོ་བདུན་ཅུ་སོན་པར་རྒྱལ་སྲས་ཡེ་ཤེས་གྲགས་པ་ལ་གདན་ས་གཏད་དེ། ཕྱི་ལོ་ ༡༢༡༨ རབ་བྱུང་བཞི་པའི་ས་སྟག་དབྱར་ཟླ་ར་བའི་ཉི་ཤུ་ལྔའི་ཉི་མ་ཤར་དྲོས་ལ་སྤྲུལ་པའི་སྐུའི་འཁོར་ལོ་བསྡུས་ནས་ཞིང་ཁམས་གཞན་དུ་གཤེགས་སོ།།

{{#arraymap:སི་ཏུ་འགྲོ་མགོན་རས་ཆེན་

|; |@@@ | | }}