92262
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འབྱུང་རྩིས་ཟླ་ཟེར་ལས་གཤིན་གྱི་འདུར་ཤིད་རྩིས་ལ་རྡེའུ་བརྒྱ་དང་གོ་དགུ་གསུངས་པའི་ནང་གསེས་གཤིན་པོ་དག་གི་ཕུང་པོ་བསྲེག་སྒྲུབ་སོགས་དརུ་ལྔའི་གང་བྱ་འོས་མིན་བརྟག་ཆེད་བོར་བའི་རྡེའུ་སྟེ། གཤིན་གྱི་རུས་ཁམས་དང་། འདས་སྐབས་ཀྱི་ལོ་ཟླ་ཞག་དུས་བཞིའི་དབང་ཁམས། འཆི་ཉིན་དེའི་གཟའ་སྐར་གཉིས་ཀྱི་ཁམས། གཤིན་ལོའི་སྲོག་ལུས་དབང་ཀླུང་བཞིའི་ཁམས། ལོ་དེར་བབས་པའི་སྤར་སྨེ་གཉིས་ཀྱི་ཁམས་བཅས་བཅུ་གསུམ་གྱིས་དུར་ལྔར་འཐབ་པའི་འཐབ་རྡེལ་རེ་ལྔ་ལ་ཟེར་བ་ཡིན། དེ་དག་གིས་འཐབ་པའི་འཐབ་རྡེལ་འབོར་ལུགས་ནི་མ་ལ་བུ་འདུར་དཀར་པོ་གཉིས་ཞེས་མར་འཐབ་ལ་རྡེལ་དཀར་གཉིས་དང་། བུ་ལ་མ་འདུར་ནག་པོ་གཉིས་ཞེས་བུར་འཐབ་ལ་རྡེལ་ནག་གཉིས། རང་ལ་རང་འདུར་དཀར་པོ་གཅིག་ཅེས་ནང་འཐབ་ལ་རྡེལ་དཀར་གཅིག དགྲ་ལ་གྲོགས་འདུར་ནག་པོ་གཅིག་ཅེས་དགྲར་འཐབ་ལ་རྡེལ་ནག་གཅིག་གྲོགས་ལ་དགྲ་འདུར་དཀར་ནག་གཉིས་ཞེས་གྲོགས་འཐབ་ལ་རྡེལ་ཁྲ་བཅས་ཡིན། འཐབ་རྡེལ་བཅུ་གསུམ་རེ་ཡོད་པའི་དུར་ལྔ་ལས་རྡེལ་དཀར་མང་བ་དེ་ལ་ལྷ་ཆེན་ཉི་ཤུ་རྩ་ལྔ་ཞེས་མི་ནོར་འཕེལ་བའི་ས་ཡིན་པས་བརྩི་བྱ་གཤིན་པོ་དེའི་ཕུང་པོ་འདུར་རུང་བའི་དུར་དང་། རྡེལ་ནག་མང་བ་དེ་ལ་བདུད་པོ་ཉི་ཤུ་རྩ་ལྔ་ཞེས་མི་ཕྱུགས་ལ་ནད་དང་ཡེ་འདྲོག་འོང་བའི་ས་ཡིན་པས་བརྩི་བྱ་གཤིན་པོ་དེའི་ཕུང་པོ་འདུར་མི་རུང་བའི་དུར་ཡིན། དེ་ལྟར་སྤྱིར་དུར་ལྔའི་གང་བཟང་ངོས་འཛིན་བྱས་རྗེས་བྱེ་བྲག་ཏུ་འཐབ་རྡེལ་སོ་སོའི་བརྟག་ཡུལ་ནི་རུས་ཁམས་ཀྱི་འཐབ་རྡེལ་གྱིས་རྒྱལ་པོ་དང་། གནམ་ལོའི་འཐབ་རྡེལ་གྱིས་རྩིས་པ། ཟླ་བའི་འཐབ་རྡེལ་གྱིས་གྲོས་བྱེད། ཞག་གི་འཐབ་རྡེལ་གྱིས་བང་ཆེན། དུས་ཚོད་ཀྱི་འཐབ་རྡེལ་གྱིས་ཤ་བ་སྐོས་འགྱེད། གཟའི་འཐབ་རྡེལ་གྱིས་བཟའ་ཚང་། སྐར་མའི་འཐབ་རྡེལ་གྱིས་ཁྱིམ་མཚེས། སྲོག་གི་འཐབ་རྡེལ་གྱིས་དོ་བདག་གམ་བནྡེ། ལུས་ཀྱི་འཐབ་རྡེལ་གྱིས་ཕ་ཚན་སྤྱིའི་ས། དབང་ཐང་གི་འཐབ་རྡེལ་གྱིས་སྲི་མོ་ཟན་བརྫི། ཀླུང་རྟའི་འཐབ་རྡེལ་གྱིས་ཞང་པོ་ལྷ་སྲས། སྨེ་བའི་འཐབ་རྡེལ་གྱིས་ཡུགས་ས་དྭ་ཕྲུག སྤར་ཁའི་འཐབ་རྡེལ་གྱིས་ཐམས་ཅད་བཅས་ཀྱི་བཟང་ངན་ལ་བརྟག་དགོས། གཞན་ཡང་བབས་སྨེ་སྨེ་བ་དགུ་ལས་གང་ཡིན་ལ་བརྟེན་པའི་འཐབ་རྡེལ་གྱི་བརྟག་ཡུལ་ནི་བཻ་དཀར་ལས་༼གཅིག་དཀར་རྒྱལ་པོའི་བཙུན་མོ་ལ། །གཉིས་ནག་རོ་ཁུར་ཡུགས་ས་ལ། །གསུམ་མཐིང་དྭ་ཕྲུག་ཆང་མ་ལ། །བཞི་ལྗང་ཆང་མ་སྐྱོགས་ཐོགས་ལ། །ལྔ་སེར་བན་དེ་དྲིལ་ཐིགས་ལ། །དྲུག་དཀར་བོན་པོ་གསས་མཁན་ལ། །བདུན་དམར་ཤ་བ་བརྐོས་མཁན་ལ། །བརྒྱད་ཀར་ལས་ཟླ་གྲོས་འདེབས་ལ། །དགུ་དམར་ལག་བདེ་བསྐོར་མར་བརྟག ། ༽ཅེས་གསུངས་པ་ལྟར་དང་། བབས་སྤར་སྤར་ཁ་བརྒྱད་ལས་གང་ཡིན་ལ་བརྟེན་པའི་འཐབ་རྡེལ་གྱི་བརྟག་ཡུལ་ཡང་དེ་ཉིད་ལས་༼ལི་ཡིས་ཡོས་མ་སླང་ཐོགས་ལ། །ཁོན་ནི་ཟས་མ་གཞོང་ཐོགས་ལ། །དྭ་ནི་མེ་ཁྱིར་ཟངས་ཁ་ལ། །ཁེན་ནི་དོ་བདག་ཟན་འདེགས་ལ། །ཁམ་གྱིས་ཆང་མ་ཐུ་ཐོགས་ལ། །གིན་གྱིས་ཀློག་མཁན་ཁྲི་འཛེག་ལ། །ཟིན་གྱིས་སྟོན་མོ་ཆས་བཟང་ལ། །ཟོན་གྱིས་ཕྱེ་མ་ཡོས་འཐག་ལ། །༽ཞེས་གསུངས་པ་ལྟར་ཡིན། |
| Domain | རྩིས་རིག |