92363
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སུ་མ་ཏི་སྐལ་བ་བཟང་མོའམ། སུ་མ་ཏི་བློ་གྲོས་བཟང་མོ་མཆོག་ནི། ཨུ་རྒྱན་ཡུལ་དུ་ཕྱག་རྡོར་སྤྲུལ་པ་དྲང་སྲོང་དབུགས་འབྱིན་ཞེས་བྱ་བ་སྐལ་ལྡན་རྣམས་ལ། ཕྱག་ཆེན་ལྷན་ཅིག་སྐྱེས་པའི་མན་ངག་བསྟན་པའི་ཆེད་དུ་བྱུང་ཏེ། ཡུལ་དེའི་རྒྱལ་པོ་མཐོང་ན་དགའ་བ་ལ་བུ་མོ་རོལ་པ་མོ་ཞེས་པ་ཐམས་ཅད་ཀྱི་ཡིད་འཕྲོག་པ་འཁོར་བུ་མོ་ལྔ་བརྒྱ་དང་བཅས་པ་ནགས་སུ་མེ་ཏོག་འཐུར་ཕྱིན་པ་ན། དེར་དྲང་སྲོང་ཞིག་མཐོང་བས་ཀུན་འཇིགས་ནས། འདི་ན་གནོད་སྦྱིན་འདུག་གོ་ཞེས་བྲོས་པ་ན། རོལ་པ་མོ་དང་འཕྲད་པས། དེ་ན་རེ། འདི་ནི་ཨུ་རྒྱན་གྱི་གནས་ཏེ། འདིར་ཡོད་པ་ནི་འབྱུང་པོ་མ་ཡིན་པར། བྱང་སེམས་ཞིག་སྐལ་ལྡན་རྗེས་བཟུང་ཕྱིར་དུ་བཞུགས་པ་ཞིག་གོ་སྙམ་ནས། འཁོར་རྣམས་ཁྲིད་ནས་དེར་སོང་ངོ་། དེར་དྲང་སྲོང་མཐོང་བས། ཡིད་དགའ་ཞིང་དེ་ལ་བཏུད་པས། བུ་མོའི་མགོར་ཕྱག་བཞག་ནས། དྲན་ནམ་གསུངས་པས། སྔོན་གསང་དཀྱིལ་དུ་དབང་བསྐུར་བའི་སློབ་དཔོན་གསང་བདག་ཡིན་པར་ཤེས། དེས་བྱིན་བརླབས་ཀྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་སུམ་དུ་མཛད་དོ། །འདིའི་མཚན་ལ་སུ་མ་ཏི་བློ་གྲོས་བཟང་མོ་བྱ་ཞིང་། ས་ར་ཧའི་བླ་མ་ཀླུ་ལས་གྱུར་པའི་རྣལ་འབྱོར་མ་སྟེ། དཔེ་ཕལ་མོ་ཆེར་སྐལ་བ་བཟང་མོ་ཞེས་བཀོད་དོ། །རྒྱལ་པོ་དཔའ་བོའི་རྡོ་རྗེ་རྗེས་བཟུང་ཕྱིར་དུ། གདོལ་མོའི་གཟུགས་ཀྱིས་རྒྱལ་པོའི་ཕོ་བྲང་དུ་སློང་མོ་ལ་འོངས་སོ། །ཕོ་བྲང་གི་འཁོར་ཡུག་ཐམས་ཅད་དྲི་བཟང་པོས་གང་ནས་མི་སྣང་བར་གྱུར་ཏོ། །མཚན་མ་དེ། རྒྱལ་པོས་ཨུ་རྒྱན་གྱི་ཡུལ་འདི་ན་རྒྱལ་པོའི་བུ་མོ་རོལ་པ་མོ་འཁོར་ལྔ་བརྒྱ་རྣལ་འབྱོར་པའི་སྤྱོད་པ་སྐྱོང་ཞིང་སྐལ་ལྡན་རྣམས་རྗེས་སུ་འཛིན་པ་དེ་ཡིན་པ་གོར་མ་ཆག་སྙམ་ནས། སླར་བོས་པས། དེས་ཉིན་མོ་མི་འོང་མཚན་མོ་འབྱོན་པའི་བརྡ་བཅས་ཚོགས་ཀྱི་མཆོད་པ་ཆེན་པོས་རྒྱལ་པོ་ལ་རྗེས་སུ་གདམས་པས། དེས་དངོས་གྲུབ་ཆེན་པོ་བརྙེས་སོ། །དེས་མདུན་ན་འདོན་པའི་དམ་ཚིག་རྡོ་རྗེ། དེས་ཤིང་མཚོ་བ་པདྨའི་རྡོ་རྗེ། དེས་ཆང་ཚོང་བ་ལྷན་ཅིག་སྐྱེས་པའི་རྡོ་རྗེ། དེས་ཐ་ག་པ་དགའ་བའི་རྡོ་རྗེ། དེས་བྲམ་ཟེ་མོ་རྡོ་རྗེ། དེས་བྲེག་མཁན་གྲུབ་པའི་རྡོ་རྗེ། དེས་ཀུན་འགྲོ་རྡོ་རྗེ། དེས་ཐུགས་ཀྱི་རྡོ་རྗེ། དེས་ལྕམ་དཔལ་གྱི་བློ་གྲོས་མ། དེས་དགེ་སློང་མ་དཔལ་མོར་གྲགས་སོ། །དེ་གཉིས་ཀྱི་ལྭ་བ་པ་རྗེས་སུ་བཟུང་ཞིང་། ལྭ་བ་པས་སློབ་དཔོོན་ཏེ་ལོ་པ་ལའོ། །བུ་མོ་རོལ་པ་མོ་ལ་དངོས་ཀྱིས་ཀྱང་སློབ་དཔོན་ཏིལླི་པ་ལ་ཡང་དཔལ་འཁོར་ལོ་སྡོམ་པ་འབྱུང་བའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྲུལ་ནས་དབང་བསྐུར། ཐ་མལ་གྱི་ཞེན་པ་སྤང་བའི་ཕྱིར་བསྐྱེད་རིམ། ལྷ་ལ་ཞེན་པ་སྤང་བའི་ཕྱིར་རྫོགས་པའི་རིམ་པ་བསྟན་ནས་རྗེས་སུ་བཟུང་། རྗེ་མར་པས། མ་སྐལ་བ་བཟང་མོས་རྗེས་གནང་གི་བྱིན་རླབས་མ་ཆད་པ་དབང་བཞིས་ངོ་སྤྲོད་མཛད། ཅེས་པ་དེའོ། །དེ་ལས་ཕྱག་ཆེན་གྱི་བཀའ་བབ་པར་གྲགས་སོ། ། |