92540
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཔལ་སྟག་ལུང་ཐང་པའི་རྫོང་དྲུག་གི་ཐོག་མར་སེ་གླིང་བྲག་སྐྱ་རྡོ་རྗེའི་རྗེའི་རྫོང་དུ་གནས་བཅས་པའི་སྟག་ལུང་བཀའ་བརྒྱུད་ཀྱི་གྲུབ་མཐའ་འཛིན་པའི་དབེན་དགོན་ཞིག་ཡིན་ཞིང་། གདན་ས་སྟག་ལུང་རྡོ་རྗེའི་གདན་ནས་སྤྱི་ལི་བཅོ་ལྔ་ཙམ་གྱི་སར་ཡོད ། གནས་འདིར་ཤིང་སེ་བ་མང་པས་སེ་གླིང་ཞེས་ཐོག་པར་མངོན། བྲག་གི་རྐེད་པར་ཐང་པའི་སྒྲུབ་ཕུགས་ཡོད་པའི་མདོའི་དེར་སྔོན་དུས་སུ་ཀ་གཉིས་ཅན་གྱི་ལྷ་ཁང་ནར་མོ་ཞིག་དང་། དེར་གནས་འཛིན་པ་རེ་གཉིས། གཡས་ཡོན་ན་རྣལ་འབྱོར་བ་སྒོམ་པ་ཁ་ཤས་བཅས་ལས་མེད་ཀྱང་། དུས་རབ་བཅོ་ལྔའི་པའི་མགོར་སྟག་ལུང་པའི་གདན་རབས་བཅོ་ལྔ་པ་རྣམ་རྒྱལ་གྲགས་པ་དཔལ་བཟང་ཀུན་སྤངས་མཛད་དེ་གནས་འདིར་བཞུགས་པས་སྒོམ་གྲྭ་མང་དུ་འཕེལ་བར་བརྟེན་བྲག་གི་རྐེད་པ་སུམ་ཐོག་སྒོར་མོའི་དབྱིབས་ཅན་གྱི་ཆོས་སྡེ་འདི་བསྐྲུན་པར་མཛད་པ་ནས་བཟུང་དགོན་སྡེ་རུ་གྱུར་ཞིང་། བྲག་སྟེང་དགོན་པར་དགེ་འདུན་པ་དང་། བྲག་ཞོལ་དུ་སྒོམ་སྒྲུབ་པ་བཅས་ནས་སྤོང་ཀློག་འཁོར་ལོ་གསུམ་གྱི་བྱ་བ་བསྒྲུབས་ཀྱི་ཡོད་པ་རེད། དུས་འགྱུར་སྔོན་ཙམ་དུ་གྲྭ་པ་དྲུག་བཅུ་ཙམ་ཡོད་པར་སྔོན་མའི་གྲྭ་རྒན་རྣམས་ཀྱིས་བཤད་ཀྱིན་གདའ། རིག་གསར་སྐབས་རྩ་གཏོར་ཐེབ་ཀྱང་། ཕྱི་ལོ་༡༩༨༧་ལོར་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ནས་བྲག་ཞོལ་དུ་སྒྲུབ་སྡེ་གསར་འཛུགས་ཀྱིས་སྟག་ལུང་པའི་དགོན་མ་བུ་རྣམས་ནས་སྒྲུབ་གྲྭ་བ་བཞི་ལོ་གསུམ་མཆོག་གསུམ་བཞུགས་དགོས་པའི་སྲོལ་བཏོད་ནས་རྒྱུན་ཆད་མེད་པར་ཕེབས་བཞིན་པ་མ་ཟད་ཁ་ཤས་སྒྲུབ་དཔོན་གནང་སྟེ་ལོ་ངོ་ཉི་ཤུ་ལྷག་ཙམ་སོང་ཟིན་པ་དང་ཁ་ཅིག་སླར་ཡང་ཐེངས་གཉིས་པ་གསུམ་པ་སོགས་མུ་མཐུན་བཞུགས་མཁན་བྱུང་དང་འབྱུང་བཞིན་པ་དང་། སྔོན་དུས་སུ་དགོན་འདིར་བླ་སྤྲུལ་སོགས་མེད་ཀྱང་། སྟག་ལུང་གདན་རབས་སོ་གསུམ་པ། རྩེ་སྤྲུལ་ཐུབ་བསྟན་རྒྱལ་མཚན་རིན་པོ་ཆེ་ནས་སྨན་གླིང་གཅུང་རིན་པོ་ཆེའི་ཡང་སྲིད་ལ་ཞལ་ཏ་གནང་སྦྱིན་མཐུན་འགྱུར་སོགས་གང་དགོས་གནང་སྟེ་སེ་གླིང་དགོན་བདག་བསྐོ་བཞག་མཛད་འདུག། ཅིང་། དེང་སྐབས་ཉམས་གསོ་་ལེག་པར་གྲུབ་འདུག |