92593

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེ་རྒོད་ཕོ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྨུག་ནག་ཕྲ་ལ་རིང་བར་ཡལ་གདང་ཡལ་ཕྲན་སྨུག་པོ་འཇམ་ལ་འོད་མདངས་ཡོད་ལ་ཚེར་མའི་ཁ་ལྟར་རྣོ་བ། ལོ་མ་སྔོ་ལྗང་མཐུག་ལ་སྒོར་བའི་རྒྱབ་སྐྱ་བ་ཚེར་མ་ལྟ་བུའི་སྤུ་དཀར་ཡོད་པ། མེ་ཏོག་དམར་པོ་འདབ་མ་ལྔ་ལྡན་འོད་མདངས་འཚེར་ཞིང་ལོ་སྡོང་གི་བར་ནས་མེ་ཏོག་བརྩེགས་པའི་བང་རིམ་དུ་འཆར་བ། འབྲས་བུ་ལི་དམར་བྱུ་རུའི་མདོག་དབྱིབས་ཅན་གྱི་ནང་འབྲུ་གུ་སེར་སྐྱ་ཆུང་ལ་མང་བ། བོད་ཀྱི་ས་གནས་ཕལ་ཆེ་བའི་རི་ལྡེབས་དང་ནགས་གསེབ་ཏུ་སྐྱེ་མང་བ། བོད་ཟླ་གསུམ་པ་བཞི་པའི་ནང་སྡོང་པོ་དང་ཡལ་ཕྲན་གྱི་ཕྱི་པགས་དང་ནང་གི་ཤ་གདན་དབར་གནས་པའི་པགས་པ་དེར་བར་ཤུན་ཞེས་བྱ་བ་དེ་ཉིད་བླངས་ཏེ་བསིལ་སར་སྐམ་རྒྱུ་དང༌། བོད་ཟླ་བརྒྱད་པ་དགུ་པའི་ནང་འབྲས་བུ་བཏུས་ཏེ་ཡུ་བའམ་ངར་པ་དོར་ལ་གོང་བཞིན་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། འབྲས་བུ་རོ་མངར་ལ་བསྐ་བ། ཞུ་རྗེས་མངར་བ། ནུས་པ་སྙོམས་པ། བར་ཤུན་ཁོ་ལ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་དུག་ཚད་རྒྱས་པ་དང༌། དུག་ནད་བྱེར་བ། མཆིན་པ་ཚ་བ་རྒྱས་པ། ཆུ་སེར་གྱི་ནད་དང༌། ཡན་ལག་སྐྲངས་པ་སོགས་ལ་ཕན་པ་ཡིན། བར་ཤུན་གྱིས་དུག་ནད་བྱེར་བ་སྡུད་ཅིང་ཆུ་སེར་གྱི་ནད་སེལ། ཡན་ལག་སྐྲངས་པ་དང་ན་བ་སོགས་ལ་ཕན་པ་ཡིན།