92639

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། བྱང་སེམས་མཐོང་ལམ་པས་མཐོང་སྤང་སྤངས་ནས་རྣམ་གྲོལ་ལམ་ཐོབ་པའི་ཚེ་མཐོང་སྤངས་ཀྱིས་བག་ཚ་བ་མེད་པར་སེང་གེ་ལྟར་རྣམ་པར་བསྒྱིངས་བའམ་ཉམས་དོད་པའི་ཏིང་ངེ་འཛིན་ཞིག་ལ་འཇོག་པ་ཡིན་ལ། དེའི་རྒྱུ་མཚན་ནི། མཐོང་སྤངས་ཀྱིས་བག་ཚ་བ་མེད་པ་དང་དེ་ལས་རྣམ་པར་རྒྱལ་བས་རི་དྭགས་ཀྱི་རྒྱལ་པོ་སེང་གེ་ལྟར་རྣམ་པར་བསྒྱིངས་པ་ཞེས་བཏགས་པ་ཡིན་ནོ། །འདི་མདོ་ལས་འཕྲོས་ཚུལ་དང་སློབ་དཔོན་རྣམས་ཀྱིས་བཞེད་ཚུལ་སོགས་ནི། པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། འོ་ན་གཉེན་པོ་མཐོང་ལམ་རྩེ་སྦྱོར་གྱི་སྤང་བྱ་མཐོང་སྤངས་རྟོག་པ་སྤངས་ཟིན་པའི་རྗེས་སུ་མཐོང་ལམ་རྣམ་གྲོལ་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ཇི་ལྟ་བུ་ཞིག་ལ་སྙོམས་པར་འཇུག་ཅེ་ན། རྣམ་གྲོལ་ལམ་གྱིས་བསྡུས་པའི་སེངྒེ་རྣམ་བསྒྱིངས་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག ། ཅེས་འཆད་པ་ལ་མདོ་ལས། ཕྱིན་དྲུག་ལ་གནས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་འདི་དག་རྣམ་པར་ཕྱེ་ཞིང་སེངྒེ་རྣམ་པར་བསྒྱིངས་པ་ལ་སྙོམས་པར་འཇུག་གོ ། ཏིང་ངེ་འཛིན་དེ་ལ་གནས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པ་ལ་སོ་སོར་རྟོག་གོ ། ཞེས་གསུངས། དེའི་དགོངས་པ་འགྲེལ་བ་ལ་བསྟན་བཅོས་སུ། དེ་ནས་སེངྒེ་རྣམ་བསྒྱིངས་པའི། །ཞེས་སོགས་ཤླཽ་ཀ་གཅིག་གསུངས་ཏེ། ཉི་སྣང་ལས། དེ་ལ་དབང་དུ་བྱ་བའི་ཕྱིར་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ནི་དེ་ནས་སེང་གེ་རྣམ་བསྒྱིངས་པའི་ཞེས་དང། སློབ་དཔོན་གྱིས་ཀྱང། མཐོང་བའི་ལམ་ཐོབ་པའི་རྣལ་འབྱོར་པ་དེ་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པའི་འཇིགས་པ་མེད་པའི་ཕྱིར་སེངྒེ་རྣམ་པར་བསྒྱིངས་པ་ལ་སྙོམས་པར་འཇུག་གོ ། ཞེས་གསུངས། དེ་ལྟར་ན་དེ་ནས་ཅེས་པ་རྐང་པ་དང་པོ་གཉིས་ཀྱིས་མཉམ་གཞག་གི་བསྡུས་པའི་མཐོང་ལམ་རྣམ་གྲོལ་ལམ་དང། རྐང་པ་ཕྱི་མ་གཉིས་ཀྱིས་རྟེན་འབྲེལ་ལུགས་འབྱུང་ལྡོག་ལ་རྟོག་པའི་རྗེས་ཐོབ་ཡེ་ཤེས་བསྟན་ལ། རྣམ་གྲོལ་ལམ་གྱིས་མཐོང་སྤངས་སུ་གྱུར་པའི་སྒྲིབ་པ་མཐའ་དག་སྤངས་པས་བག་ཚ་བ་མེད་པར་བཤད་པ་ཉིད་ཀྱིས་མཐོང་ལམ་རྩེ་སྦྱོར་གྱི་བྱེད་ལས་སྟོན་པ་ལ་ཡང་སྦྱར་རོ། །ཞེས་གསུངས་སོ། །
Domain ཆོས་ལུགས།