92674

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེང་བྲག་དགོན་ (1)
Part of speech མིང་ཚིག
Definition དགོན་འདི་ནི་བོད་ལྗོངས་དིང་རིའི་ཡུལ་གྱི་རྩིབས་རིའི་རི་རྒྱུད་དུ། རྗེ་རྒོད་ཚང་པའི་བཞུགས་གནས། ཤར་གཏོག་སེང་གེ་ལྡིངས་དང་འདབ་འབྲེལ་དུ་ཡོད་པ། སེང་གེ་བྲག་ཅེས་དགོན་གནས་ཉམས་སྤྲོ་བ་ཅན་ཞིག་ཡོད། དགོན་པ་དེའི་བླ་མའི་སྐུ་ཕྲེང་རིམ་བྱོན་གྱི་མཚན་ལའང་སེང་བྲག་རིན་པོ་ཆེ་ཞེས་གྲགས། སེང་བྲག་རིན་པོ་ཆེ་སྐུ་ཕྲེང་གསུམ་པས་ཤྲཱི་ནེའུ་སྟེང་དགོན་པའི་དགོན་བདག་མཛད་དེ་ཡུན་རིང་བཀའ་དྲིན་བསྐྱངས། (དེ་ཡང་རྗེ་ལྷ་རྩེ་བའི་སློབ་མའི་གྲས་སུ་ལ་སྟོད་ནས་ཆོས་རྗེ་སེངྒེ་ཞེས་པ་དང༌། ལྷ་རྩེ་བའི་སློབ་མ་བཤེས་གཉེན་ཆོས་གྲགས་རྒྱ་མཚོའི་རྣམ་ཐར་ལས་ཀྱང༌། ཁོང་དང་ཤིན་ཏུ་དམ་ཚིག་གཙང་བའི་བླ་མ་སེང་གེ་བྲག་པ་ཞེས་འབྱུང་བ་དེ་ཉིད་ཀྱི་སྐྱེ་ཕྲེང་ཞིག་ཡིན་པར་སྣང༌། སེང་བྲག་ལྔ་པས། གོང་མའི་སྐྱེས་རབས་དུས་འགྱུར་སྐབས་རྩ་བརླག་ཏུ་སོང་བས་ལོ་རྒྱུས་ཀྱིས་ཤིན་ཏུ་ཕོངས་ཞེས་ཞལ་བཞེས་མི་མཛད་ཀྱང། སྐུ་ཕྲེང་དང་པོ་དང༌། གཉིས་པ་ནི་དཔལ་འབྲུག་པའི་གདན་ས་གསང་སྔགས་ཆོས་གླིང་དུ་བཞུགས་པར། སྐུ་ཕྲེང་གསུམ་པ་ནས་འབྲུག་གསང་གླིང་ལམ་ཐག་རིང་ཆེས་པས་འབྲུག་བདེ་ཆེན་ཆོས་འཁོར་དུ་བཞུགས་པར་གསུངས། ) ནིའུ་སྟེང་སྐུ་ཐང་སྤྲུལ་སྐུ་རིན་པོ་ཆེ་སྐུ་ན་སོན་པ་དང་དགོན་གནས་རྩིས་འབུལ་ཞུས། བླ་མ་གང་ཉིད་བྱ་བྲལ་བའི་རྟུལ་ཞུགས་ལ་བྱོན། དེ་ཁུལ་གྱི་ལུང་པ་དབྱིག་ཤར་དང་། གླིང་ཤར། གད་དམར་སོགས་ཁུལ་དེའི་དད་ཅན་རྣམས་ཀྱིས་བླ་མ་རིན་པོ་ཆེ་ཕྱོགས་དེར་གཏན་བཞུགས་ཡོང་བ་དང་། ཞབས་ཏོག་འབུལ་རྒྱུའི་གསོལ་འདེབས་ཡང་ཡང་ཞུས་པར་བརྟེན། བླ་མས་གནས་དེར་ཀླུ་རྩེ་བསམ་གཏན་ཆོས་གླིང་ཞེས་ཕྱག་བཏབ། མི་རྣམས་ཀྱི་བརྗོད་བདེའི་དབང་གི་དགོན་པའི་མིང་སེང་བྲག་དགོན་ཞེས་ཀྱང་ཡོངས་གྲགས་སུ་གྱུར། སེང་བྲག་སྐུ་ཕྲེང་གསུམ་པའི་སྐུ་ཚེའི་སྨད་དང་བཞི་པའི་སྐབས་རི་ཁྲོད་འདིར་འདུ་ཁང་ཕོ་ཐོག་མོ་ཐོག་ཀ་བཞི་མ་ཞིག་དང་། རུང་ཁང་ཞིག་གསར་བཞེངས་མཛད། སེང་བྲག་སྐུ་ཕྲེང་ལྔ་པའི་སྐུ་ཚེའི་སྟོད་བར་མི་ལོ་བརྒྱ་དང་བཅོ་ལྔ་ཙམ་གྱི་རིང་། སྒྲུབ་པ་ཉམས་ལེན་ལ་བརྩོན་བཞིན་བཞུགས་འདུག། ༡༩༥༩ ལོའི་རྒྱ་དམར་གྱི་དུས་རྐྱེན་འོག་བལ་ཡུལ་ཁུལ་དུ་བྲོས་བྱོལ་དུ་ཕེབས་དགོས་བྱུང་བ་དང་། ༡༩༧༣ དགོན་པའི་ཕྱི་ནང་ཚང་མ་རྩ་གཏོར་བཏང་འདུག ༡༩༧༧ ལོ་ཙམ་ནས་སེང་བྲག་ལྔ་པས་མཐུན་འགྱུར་འོག་བསྐྱར་བཞེངས་ཞུས་ཀྱང་། དེང་སྐབས་དགོན་འདིར་ཟླ་ཤས་ཙམ་བླ་གྲྭ་བཙུན་མ་ཁ་ཤས་བསྙེན་སྒྲུབ་གནང་བ་ཙམ་ལས་རྒྱུན་བཞུགས་གནང་མཁན་མེད་ནས་སྟོང་པར་ལྷག་ཡོད། །