92676

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེང་བྲག་ལྔ་པ་ངག་དབང་འགྱུར་མེད་ཆོས་ཀྱི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition སེང་བྲག་སྐུ་ཕྲེང་ལྔ་པ་ངག་དབང་འགྱུར་མེད་ཆོས་ཀྱི་རྒྱལ་མཚན་མཆོག་ནི། ལ་སྟོད་རྒྱལ་གྱི་ཤྲཱིའི་ཉེ་འདབས། བར་མཚོ་མ་ཎི་ཁང་དུ། ཡབ་དབང་འདུས་དང༌། ཡུམ་སྒྲོལ་མ་སྐྱིད་དཔལ་ཞེས་པའི་སྲས་སུ། རབ་བྱུང་བཅུ་དྲུག་པའི་མེ་ཕག་ ༡༩༤༧ ལོར་སྐུ་འཁྲུངས། ཡབ་ཡུམ་གྱིས་མཚན་ལ་ཚེ་རིང་དོན་གྲུབ་ཅེས་གསོལ། སྐུ་ཆུང་ངུ་གསུང་སྨྲ་ཤེས་པ་ཙམ་གྱི་སྐབས་ནས་སྔོན་གནས་རྗེས་དྲན་མང་པོ་བྱུང༌། གོང་མའི་འོས་ཆ་ལྔ་ཙམ་བྱུང་བ་ལས། འོས་སྤྲུལ་གཞན་རྣམས་ཀྱི་མིང་ཡིག་སྔོན་དུ་བྲིས་ཤིང༌། བར་མཚོར་ཡོད་པའི་བུ་དེའང་ཡ་མཚན་ཆེ་བས་འཇུག་དགོས་ཞེས་མཚན་ཐོའི་གཤམ་དུ་བཅུག་ནས། ཆོས་མགོན་བརྒྱད་པའི་དྲུང་དུ་ཕུལ་བས། ཀརྨ་པ་བཅུ་དྲུག་པས་ཀྱང་ཞལ་གསལ་དགོང་མཐུན་ཐུགས་ཐག་བཅད་དེ། གོང་མའི་གདན་ས་ཤྲཱི་ཀླུ་རྩེ་བསམ་གཏན་ཆོས་གླིང་དུ་ཁྲི་གསོལ་མཛད། ཁྲིད་དཔོན་པདྨ་ཆོས་རྒྱལ་གྱིས། ཐུགས་བརྩེ་ཆེན་པོས་ཆོས་དང་ཟང་ཟིང་གཉིས་ཀས་བསྐྱངས། མ་དགོན་བདེ་ཆོས་སུ་ཕེབས་ཤིང༌། ཆོས་མགོན་བརྒྱད་པའི་དྲུང་དུ་གཙུག་ཕུད་ཕུལ། མཚན་ངག་དབང་འགྱུར་མེད་ཆོས་ཀྱི་རྒྱལ་མཚན་གསོལ། དབང་ལུང་ཅི་ཡང་གསན། བཅུ་གསུམ་པར་བོད་དུ་དུས་འགྱུར་སྐབས། སྐྱབས་བཅོལ་སྤྱི་མཚུངས་ལྟར་ཕེབས་ཤིང༌། བླ་མ་འཇམ་དབྱངས་གྲགས་པ། གྲུབ་སྲས་ཨ་བོ་རིན་པོ་ཆེ། རྒན་མཁྱེན་བརྩེ་རྒྱ་མཚོ། དིལ་མགོ་མཁྱེན་བརྩེ། ཐུགས་སྲས་རིན་པོ་ཆེ། འཛི་སྒར་མཁན་ཆེན་ནོར་གཡང༌། ནང་ཆེན་ཨ་ལྡེའུ། འབྲུག་སློབ་དཔོན་བསོད་ནམས་བཟང་པོ་ལ་སོགས་པའི་མཁས་གྲུབ་ཀྱི་བླ་མ་དུ་མ་ལ་བསྟེན་ནས། སྨིན་གྲོལ་གྱི་གདམས་པའི་མངའ་བདག་ཆེན་པོར་གྱུར། ཤར་ཁུམ་བུའི་སྟོད་སྨད་ཀྱི་རི་ཁྲོད་དང༌། བལ་བོད་སོ་མཚམས། གཉའ་ནང་སྨད་ཀྱི་སྒྲུབ་གནས་གོང་འོག་སོགས་སུ། དཀར་བརྒྱུད་གོང་མའི་རྣམ་ཐར་བསྐྱངས་ཏེ། ཕྱག་ཆེན་སྔོན་འགྲོ་ནས་བཟུང་ཕལ་ཆེར་སྐུ་ཚེར་སྒྲུབ་པ་ཁོ་ན་ལ་གཞོལ། སུམ་ཅུ་པ་མེ་འབྲུག་ ༡༩༧༦ ལོར་ཤར་སྦ་ཁང་དོན་གྲུབ་སྡིངས་རྟེན་དང་བརྟེན་པ་བཅས་གསར་དུ་བཞེངས། དེར་བཙུན་མའི་སྒྲུབ་སྡེ་ངེས་དོན་འོད་གསལ་གླིང་ཟུར་དུ་ཕྱག་བཏབ། ཞེ་གཉིས་པ་ས་འབྲུག ༡༩༨༨ ལོར་བལ་བོད་སོ་མཚམས་སུ། ལི་ཝིང་སྒྲུབ་སྡེ་ངེས་དོན་བདེ་ཆེན་འོད་གསལ་གླིང་དང༌། ལི་ཝིང་གྲྭ་ཚང་གསར་དུ་བཏབ་ཅིང༌། རི་ཁྲོད་གོང་འོག་བསྡོམས་རྒྱུན་བཞུགས་གྲྭ་བཙུན་སུམ་བརྒྱ་ཡས་མས་ཙམ་ལ་ལྟོ་གོས་ཆོས་གསུམ་ཀས་བསྐྱངས། རྟག་ཏུ་དམན་ས་བཟུང་ཞིང་རྣམ་ཐར་ངོ་མཚར་ཅན་ཤ་སྟག་མངའ། དགུང་གྲངས་ང་དགུ་པ་ཤིང་བྱ་ ༢༠༠༥ ལོའི་བོད་ཟླ་དང་པོའི་ཉི་ཤུ་ལྔ་ཉིན་གློ་བུར་དུ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ། །ཞལ་སློབ་ནི། ནཱ་རོ་ཆོས་དྲུག་གི་སྒྲུབ་སྡེ་ཐེངས་དང་པོར་སྒྲུབ་བླ་བརྒྱད་དང༌། རིམ་པར་དགེ་ངག་དབང་ཡོན་ཏན་རྒྱ་མཚོ་སོགས་སྒྲུབ་བླ་མང་པོ། དེ་བཞིན་སྦ་ཁང་དོན་གྲུབ་སྡིངས་སུ་སྒྲུབ་བཙུན་མ་ཀོང་རྩ་ཨ་ནེ་ངག་དབང༌སོགས་བཙུན་མ་མང་བ་བཞུགས། གཞན་ཡང་ཕ་རན་སིའི་སྒྲུབ་བླ་ཕྲིན་ལས་བསྟན་འཛིན་སོགས་འབྲུག་འབྲས་ལྗོངས། བོད་ལ་དྭགས། རྒྱལ་ཕྱི་ནང་རྣམས་སུ་ཞལ་སློབ་བླ་སྤྲུལ་ཤིན་ཏུ་མང་ངོ༌། །

{{#arraymap:སེང་བྲག་ལྔ་པ་ངག་དབང་འགྱུར་མེད་ཆོས་ཀྱི་རྒྱལ་མཚན་

|; |@@@ | | }}