92685

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེང་ལུང་མངོན་དགའ་ཆོས་སྡེ་ (1)
Part of speech མིང་ཚིག
Definition མཚན་རྒྱས་པར། སྟག་སྡེ་སེང་གེ་ལུང་མངོན་དགའ་ཆོས་སྡེ་ནི། ལྷ་རྩེའི་ནུབ་བྱང་དུ་སྤྱི་ལེ་བཅོ་བརྒྱད་ཙམ་གྱི་སར་སེང་གེ་ལུང་དུ་ཆགས་ཡོད། དགོན་འདི་བླ་མ་ས་སྐྱ་པ་ཆེན་པོའི་དངོས་སློབ་སྟག་བྱང་ཆུབ་སེམས་དཔས་སྤྱི་ལོ་ཆིག་སྟོང་བརྒྱ་ཡས་མས་སུ་ཕྱག་བཏབ་ཅིང་། དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་དུ་གཏོགས། སྔོན་དུས་དཔལ་བཟང་ལྡན་ཆོས་སྡེའི་དགོན་ཁག་བཅུ་གསུམ་གྱི་གཙོ་བོ་ཡིན་ལ། དགེ་འདུན་ཞལ་གྲངས་ལྔ་བརྒྱ་ལྷག་ཙམ་གྱིས་བཤད་སྒྲུབ་གནང་བའི་ལོ་རྒྱུས་ཡོད། དེ་ཡང་། ཀུན་མཁྱེན་གཡག་སྟོན་གྱི་སྐུ་བསྟོད་ནང་། མངོན་དགའ་ཆོས་སྡེའི་པད་མའི་ནགས་ཚལ་ནང་། །འདུས་པ་རྒྱ་མཚོར་ལུང་རིགས་ཆར་པ་ཕབ། །ཅེས་སོགས་སུ་གསལ་ལ། དགོན་པ་འདི་ཉིད་ཀུན་མཁྱེན་གཡག་སྟོན་སངས་རྒྱས་དཔལ་དང་། དཔལ་བོ་དོང་པའི་ཞལ་སློབ་མཁན་པོ་རྒྱལ་མཚན་བློ་གྲོས། ཆོས་དཔོན་འཇམ་དབྱངས་ཀུན་ལེགས་སོགས་མཁས་སྒྲུབ་དུ་མ་རིམ་བྱོན་གྱིས་གདན་ས་བསྐྱངས། ད་ཡོད་ཀྱི་ནང་རྟེན་ནི། འདུ་ཁང་གི་ནང་རྟེན་གཙོ་བོ་ཐུབ་པའི་དབང་པོ་སྐུ་བརྙན་སངས་རྒྱས་འོད་སྲུང་གི་རིང་བསྲེལ་གཟུངས་སུ་བཞུགས་པའི་ཐུབ་པ་དེས་གཙོས་གསེར་སྐུ་རྙིང་དང་། གསེར་ཡིག་ལས་གྲུབ་པའི་བརྒྱད་སྟོང་པ་སོགས་དཔེ་རྙིང་དང་། མཆོད་རྟེན་རྙིང་པ། ཀྱཻ་རྡོར་ལྷ་དགུའི་ཞལ་ཐང་། ལམ་འབྲས་ཚོགས་བཤད་ཀྱི་ཐང་འཁོར་སོགས་ཐང་གའི་རིགས། གཞན་ཡང་དཔལ་ས་སྐྱའི་གོང་མ་ཐེག་ཆེན་ཆོས་རྒྱལ་མཆོག་ནས་བསྩལ་བའི་མིང་རྒྱལ་རབས་སྐབས་ཀྱི་རོལ་མོ་འབྲུག་རིས་ཅན་དེས་གཙོས་རོལ་མོ་དང་མཆོད་བྱད་སོགས་རིན་ཐང་བྲལ་བའི་དངོས་རྫས་དུ་མ་བཞུགས་ཡོད།