92699
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སེངྒེ་རྒྱལ་པོ་བཅུ་གསུམ་པ་མཆོག་ནི། སྤོས་སྐྱ་པ་ནས་དབོན་རྒྱུད་གཞན་མེད་པར། དེ་ཉིད་ཀྱིས་ཤངས་མོ་ཞིག་ལ་སྲས་སྐྲུན་པའི་ཆོ་ག་མཛད་པ་ལས། རབ་བྱུང་ལྔ་པའི་ས་གླང་ ༡༢༨༩ ལོར་བལྟམས། ས་ར་ཧ་ཡིན་པར་ཞལ་གྱིས་བཞེས་ཤིང༌། རྡོར་གླིང་པའི་སྤྲུལ་པར་ཡང་གྲགས། དགུང་ལོ་དྲུག་པར་ཤངས་ནས་ར་ལུང་དུ་གདན་དྲངས་སྐབས། སྔོན་གནས་རྗེས་དྲན་གྱི་གསུང་ངོ་མཚར་བ་ཤ་སྟག་བྱོན། ཡབ་ལས་འབྲུག་སྐོར་དང༌། གཞན་བླ་མ་འགའ་ལས་བརྟག་གཉིས་སོགས། རྒྱུད་སྡེ་ལ་སྦྱོང་བ་མཛད། ཉེར་ལྔ་ལ་གདན་སར་ཕེབས། དེ་ཉིད་དུ་བཅད་རྒྱར་བཞུགས་སྐབས། སུམ་ཅུ་རྩ་གསུམ་དང༌། དགའ་ལྡན་ཆོས་ཀྱི་ཕོ་བྲང་ལྷ་གནས་མཆོད་ཚོགས་དང་བཅས་པ་དང༌། ཨོ་རྒྱན་སོགས་མནལ་ལམ་བཟུང་བའི་སྒོ་ནས་གཟིགས། ར་ལུང་དུ་བཀའ་འགྱུར་རིན་པོ་ཆེ་གསེར་ལས་བཞེངས་ཤིང༌། འབྲུག་ཏུ་ཆོས་འཁོར་དང༌། ཚལ་གུང་ཐང་དུ་མཆོད་པ་རྒྱ་ཆེར་མཛད། ཡང་དགོན་གྱི་ནག་ཚང་དུ་སུམ་ཐོག་རྡིབ་པར་རྗེ་ཉིད་ཀྱིས་ཏིང་ངེ་འཛིན་དང་སྡིགས་མཛུབ་མཛད་པས། ཆས་རྣམས་སྐྱེལ་མ་ཚར་བར་དུ་མ་རྡིབ། ཧོར་རྒྱལ་པོ་ཐུའོ་ཧུན་ཐེ་མུར་གྱིས་བླ་ཡི་མཆོད་གནས་སུ་བཟུང་ནས་གཙུག་ལག་གོང་འོག་ལ་ཐིག་བླངས་པའི་བླ་བྲེ་པདྨ་འབུམ་ལྡན་དང་། སྟོང་ལྡན་དང་། འཇའ་ས་ཕུལ། གདན་ས་ཤིན་ཏུ་དར། སྐུ་མྱ་ངན་ལས་འདའ་ཁར་གཡས་ཕྱོགས་སུ་དཔའ་བོ་མཁའ་འགྲོ་རྣམས་དང་། གཡོན་དུ་ཆོས་སྲུང་ཐམས་ཅད་མངོན་སུམ་དུ་བྱོན་པར། གཏོར་མཆོད་དང་བཀའ་བསྒོ་མཛད་པ་སོགས་ཡོན་ཏན་དཔག་ཏུ་མེད། དགུང་ལོ་སོ་བརྒྱད་པ་མེ་སྟག་ ༡༣༢༦ ལོའི་རྒྱལ་ཟླ་བའི་ཚེས་བཅུ་གསུམ་ལ་སྐུ་གཤེགས། ཏིལླི་པ་ནས་བགྲངས་པའི་བརྒྱུད་པ་བཅུ་གསུམ་པ་ཡིན་པ་དང༌། ཚེས་བཅུ་གསུམ་ལ་གཤེགས་པས་བཅུ་གསུམ་པར་གྲགས། དགེ་བཤེས་དཔལ་ལྡན་སེངྒེ་སོགས་ཞལ་སློབ་མང་ངོ༌། ། |