9274
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྤྲེལ་ཞིང་ནི། བོད་སྔ་མའི་དབང་རིས་དབང་དུ་བྱས་ན། ལྷོ་བརྒྱུད་ཡར་ཀླུང་གཙང་པོའི་སྟོད་རྒྱུད་ཀྱི་ལུང་ཆེན་གསུམ་སྟེ། གྲ་དོལ་གཞུང་གསུམ་ཞེས་པའི་ནང་ཚན་གཞུང་ཀྱི་ཁྱབ་ཁོངས། དེང་གོང་དཀར་རྫོང་རྣམ་རབ་གྲོང་གི་ཕུར་ཆགས་ཤིང་། གནས་འདིར་བོད་ཀྱི་རུས་ཆེན་རྔོག་གི་གདུང་རིགས་རྣམས་ཀྱིས་བདག་གིར་བཟུང་ཡོད་ལ། དེ་ཡང་བསྟན་པ་ཕྱི་དར་དུས་སྐྱེས་ཆེན་དམ་པ་རྔོག་ཆོས་སྐུ་རྡོ་རྗེའི་གདན་ས་ཆགས། ཡུལ་དེའི་སྔོན་མའི་མིང་ལ། གཞུང་རི་བོ་ཞེས་གྲགས་པ་དང་། དེང་སྤྲེལ་ཤིང་ཞེས་པའི་མིང་དེ་ཐོགས་ཚུལ་ངག་རྒྱུན་དུ་མི་འདྲ་བ་བཞི་ལས། རྔོག་ཆོས་སྐུ་རྡོ་རྗེས་གདན་ས་འདེབས་རྒྱུའི་ས་ཞིག་མ་རྙེད་པ་ན་ཡུལ་དེའི་སྤྲེལ་པ་ཞེས་པའི་ཁྱིམ་ཚང་གིས་བླ་མར་གདན་ས་གདབ་རྒྱུའི་ཞིང་ཁ་ཞིག་ཕུལ་ཞིང་། དེར་གདན་ས་ཕྱག་བཏབ་པས་གདན་སའི་མིང་ལ་ཡང་སྤྲེལ་ཤིང་ཞེས་ཐོགས་ཟེར་ཞིང་འདི་ཉིད་འཐད་པར་མཐོང་། རྗེ་འདིས་ལྷོ་བྲག་མར་པའི་དྲུང་དུ་བྱོན་པས་དངོས་སློབ་ཞིའི་ཡ་གྱལ་ཡིན། ཕ་ཡུལ་དུ་ཕྱིར་ཕེབས་གདན་ས་བསྐྱངས། རྗེ་འདི་ཉིད་ནས་བརྒྱུད་པའི་ཆོས་བརྒྱུང་དེ་ལ་མར་པའི་བཤད་བརྒྱུད་འཛིན་པའི་རྔོག་པ་ཆོས་བརྒྱུད་དམ་རྔོག་པ་བཀའ་བརྒྱུད་ཅེས་ཡོངས་སུ་གྲགས། རྔོག་གི་གདན་སའི་ལྟག་ན་ལྷ་ཁང་སེར་པོ་ཀ་བཞི་མར། དབུས་སུ་ཐུབ་སྐུ་མི་ཚད། གཡས་གཡོན་དུ་དེ་ལས་ཆུང་བ་གཉིས། རྗེ་མི་ལའི་ན་བཟའ་བཞུགས་པའི་བཀའ་གདམས་མཆོད་རྟེན་ཐོག་ཚད། རྔོག་གི་བཞེངས་པའི་རྡོ་རྗེ་འཆང་འཇིམ་སྐུ་སོགས་བཅོ་བརྒྱད་ཙམ་དང་། ཨུ་རྒྱན་རིན་པོ་ཆེ་མི་ཚད། ཐོག་ཁར་དུད་སོལ་མའི་མགོན་ཁང་ལ་རྔོག་ཆོས་སྐུ་དང་། དུད་སོལ་མའི་སྐུ་ཁྲུ་གང་ཙམ། ལྟག་ཏུ་ལྷོ་བྲག་མར་པའི་དབུ་ཐོད་སོགས་བཞུགས་པའི་གདུང་འབུམ་དམར་པོ་མཚལ་བྱུགས་པ་ཐོག་སོ་གཉིས་པ། དེ་འོག་ཏུ་ལྷ་ཁང་མི་ལས་རྔོག་ཐོག་མར་མཇལ་ས་ཡོད་དོ། །ཐུགས་རྟེན་གཅིག་གི་ནང་དུ་མར་པའི་གདུང་དང་། རྗེ་བཙུན་བིར་ཝ་པའི་ཞལ་ལི་ཡོད། གཅིག་ནང་རྔོག་ཆོས་སྐུ་རྡོ་རྗེའི་སྐུ་གདུང་དང་། གྲུབ་ཆེན་ས་ར་ཧའི་སྒོམ་ཐག་ཡོད། གསེར་འབུམ་ཞེས་པའི་ལྷ་ཁང་། མི་ལ་རས་པའི་སྒྲུབ་ཕུག་སོགས་ཡོད་པར་གྲགས། གཞན་ཡང་གནས་འདིར་རྔོག་ཆོས་སྐུ་རྡོ་རྗེ་མཁའ་སྤྱོད་དུ་གཤེགས་པའི་ཤུལ་དང་། གོང་དཀར་རྡོ་རྗེ་གདན་པ་རིམ་བྱོན་གྱི་དབེན་གནས་དང་། ས་སྐྱ་རྫོང་པའི་གདན་ས་གོང་དཀར་རྡོ་རྗེ་གདན་གྱི་ཁྱབ་ཁོངས་ཡིན་ཞིང་། ཆོས་སྤྱོད་ཀྱི་བྱེད་སྒོ་ཡང་བོད་ཟླ་དང་པོའི་གནམ་གང་ལ་སྤྲེལ་ཤིང་མེ་དབང་ཞེས་གཞུང་དེའི་དད་ལྡན་འདུ་བའི་དུས་ཆེན་རྣམས་སུ་གོང་དཀར་རྡོ་རྗེ་གདན་གྱི་དགེ་འདུན་མང་དུ་ཕེབས་ཏེ་གྲ་རྒྱས་གནང་སྲོལ་ཡོད། དུས་འགྱུར་དང་རིག་གསར་སྐབས་ཡོངས་རྫོགས་རྩ་གཏོར་དུ་སོང་མོད། ཕྱིས་སུ་གོང་དཀར་ཆོས་གྲྭ་དགེ་བའི་བཤེས་གཉེན་རྣམ་གྲོལ་ལགས་ཀྱིས་གཙོ་འགན་བཞེས་ཏེ་ཉམས་གསོ་འགོ་བརྩམས་པ་ནས། ཉེ་བའི་ཆར་གོང་དཀར་རྡོ་རྗེ་གདན་གྱི་གདན་ས་ཉིད་དང་བཀོད་པ་མཚུངས་པ་ཞིག་ཀྱང་བཞེངས་པ་སོགས་ཉམས་གསོ་བྱེད་བཞིན་པ་བཅས། |