92748
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། ཁ་ཆེ་བྱེ་བྲག་སྨྲ་བ། སེམས་ཀྱི་མཚུངས་པ་དེ་མ་ཐག་འབྲས་ཏེ། རང་རྒྱུ་མཚུངས་པ་དེ་མ་ཐག་རྐྱེན་གྱི་ཤེས་པ་དེ་དང་རྫས་མཚུངས་ཤིང་། དེ་དང་རང་ཉིད་ཀྱི་བར་དུ་ཤེས་པ་གཞན་གྱིས་མ་ཆོད་པའི་དེ་མ་ཐག་ཏུ་སྐྱེས་པའི་འབྲས་བུ་ཞིག་སྟེ། དཔེར་ན་སྙོམས་འཇུག་ལས་ལྡང་སེམས་དེ་སྙོམས་པར་འཇུག་སེམས་ཀྱི་མཚུངས་པ་དེ་མ་ཐག་འབྲས་དང་། སྙོམས་འཇུག་སྐད་ཅིག་གཉིས་པ་དེ་འཇུག་སེམས་ཀྱི་མཚུངས་པ་དེ་མ་ཐག་འབྲས་ཡིན་པའི་ཕྱིར་ཏེ། མཆིམས་མཛོད་ལས། གལ་ཏེ་སེམས་མེད་གཉིས་ཀྱི་ལྡང་སེམས་ནི་དེ་གཉིས་ལ་འཇུག་སེམས་ཀྱི་མཚུངས་པ་དེ་མ་ཐག་པའི་འབྲས་བུར་མི་རུང་སྟེ། སྐད་ཅིག་མ་དུ་མས་བར་དུ་ཆོད་པའི་ཕྱིར་རོ་ཞེ་ན། སྐད་ཅིག་མ་དུ་མས་བར་དུ་ཆོད་པ་ཙམ་གྱིས་ནི་དེ་མ་ཡིན་པར་མི་འགྱུར་གྱི་སེམས་གཞན་གྱིས་བར་དུ་ཆོད་ན་དེ་མ་ཡིན་པར་འགྱུར་བ་ལས་འདི་ནི་སེམས་གཞན་གྱིས་བར་དུ་མ་ཆོད་པའི་ཕྱིར་རོ། །དེའི་ཕྱིར་འགྲེལ་པ་ལས་ཀྱང་ད་ནི་ཇི་ལྟར་ལྡང་བའི་སེམས་ཡུན་རིང་མོ་ཞིག་ཏུ་ཆད་པ་སྙོམས་པར་འཇུག་པའི་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཞེས་བྱ་ཞེ་ན། སེམས་གཞན་གྱིས་བར་དུ་མ་ཆོད་པའི་ཕྱིར་རོ་ཞེས་བཤད་དོ། །ཞེས་དང་། མུ་གསུམ་པ་ནི་སེམས་མེད་ཀྱི་སྙོམས་འཇུག་གཉིས་ཀྱི་སྐད་ཅིག་མ་དང་པོ་དང༌། སེམས་དང་བཅས་པའི་གནས་སྐབས་ཀྱི་སྐད་ཅིག་མ་གཞན་གྱིས་བར་མ་ཆོད་པར་སེམས་སྔ་མའི་མཇུག་ཐོགས་སུ་སེམས་དང་སེམས་བྱུང་ཕྱི་མ་འབྱུང་བ་རྣམས་ཏེ། དེ་དག་ནི་རིམ་པར་ལྟར་སེམས་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་གྱིས་བསྐྱེད་པའི་འབྲས་བུ་ཡིན་པའི་ཕྱིར་དང༌། སེམས་སྔ་མའི་རྗེས་སུ་སྐད་ཅིག་མ་གཞན་གྱིས་བར་དུ་མ་ཆོད་པར་དེ་མ་ཐག་ཏུ་འབྱུང་བའི་མཚུངས་ལྡན་ཡིན་པའི་ཕྱིར་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡང་ཡིན་ལ་སེམས་ཀྱི་དེ་མ་ཐག་པ་ཅན་ཡང་ཡིན་ནོ། །ཞེས་གསུངས། |
| Domain | ཆོས་ལུགས། |