93021

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་བསྐྱེད་ (1)
Part of speech མིང་ཚིག
Definition མདོ། ཐེག་ཆེན། སྨོན་པ་སེམས་བསྐྱེད་དང་འཇུག་པ་སེམས་བསྐྱེད་གཉིས། དང་པོ། སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། སེམས་ཅན་གྱི་དོན་དཔག་ཏུ་མེད་པ་སྒྲུབ་པའི་ས་བོན་བཏབ། གཉིས་པ། འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྐྱ་བར་བཅུག་ནས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་དངོས་སུ་སྒྲུབ། སེམས་ཅན་གྱི་དོན་དུ་དགེ་བཅུའི་ཆོས་དཔག་ཏུ་མེད་པར་དར་བར་བྱས། འབྲས་བུ་བཀའ་མཐའ་མའི་ཆོས་ཀྱི་འཁོར་ལོ་བསྐོར་བས་སྣོད་ཐམས་ཅད་གཞལ་ཡས་ཁང། ལུས་ལྷ། ངག་སྔགས། སེམས་ཆོས་ཉིད། སྣང་བ་ཐམས་ཅད་ཞིང་ཁམས་སུ་ངོ་སྤྲད་ནས་ངེས་དོན་སྣ་ཚོགས་ཀྱི་སྐུ་བཞི་ཡེ་ཤེས་ལྔ་ལྷུན་གྱིས་པར་བྱས།
Domain ཆོས་ལུགས།

{{#arraymap:སེམས་བསྐྱེད་

|; |@@@ | | }}

སེམས་བསྐྱེད་ (2)
Part of speech མིང་ཚིག
Definition ཁྱད་ཆོས་བཞི་ལྡན་གྱི་ཐེག་ཆེན་སྐྱེས་བུའི་རྒྱུད་ཀྱི་རྣམ་པར་ཤེས་པ་དེའོ། །དེ་ཉིད་གོ་བདེ་བར་བརྗོད་ན། ཐེག་ཆེན་སེམས་བསྐྱེད་ཁྱད་ཆོས་བཞི་དང་ལྡན་ཏེ། ཟབ་མོ་སྟོང་པ་ཉིད་དང༌། གཞན་དོན་གྱི་དཀའ་སྤྱད་ལ་སྤྲོ་བ་ཆེ། སྦྱོར་བའི་བརྩོན་འགྲུས་ཀྱི་སྒོ་ནས་བརྩོན་པ་ཆེ། རང་གཞན་ལ་ཕན་བདེ་སྒྲུབ་པས་དོན་ཆེ། བྱང་ཆུབ་ཆེན་པོ་ཡང་དག་པར་འགྲུབ་པས་འབྱུང་བ་ཆེ་བའི་ཕྱིར། ཐེག་པ་ཆེན་པོའི་སེམས་བསྐྱེད་ཆོས་ཅན། དོན་གཉིས་ལ་དམིགས་པ་དང་ལྡན་པའི་གཙོ་བོ་སེམས་སུ་འབྱུང་སྟེ། གཞན་དོན་དང་རྫོགས་བྱང་ལ་དམིགས་པའི་སེམས་པ་དང་མཚུངས་ལྡན་དུ་འབྱུང་བའི་གཙོ་བོ་སེམས་ཡིན་པའི་ཕྱིར་ཏེ། རྒྱན་གྱི་འགྲེལ་པར། དོན་གཉིས་དང་ལྡན་པ་ནི། བྱང་ཆུབ་ཆེན་པོ་དང༌། སེམས་ཅན་གྱི་དོན་བྱ་བ་ལ་དམིགས་པའི་ཕྱིར་རོ། །ཡོན་ཏན་གསུམ་དང་གཉིས་ལ་དམིགས་པ་དང་ལྡན་པའི་སེམས་བསྐྱེད་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། དེ་ལ་དབྱེ་ན་ནི། ས་མཚམས་ཀྱི་སྒོ་ནས་དབྱེ་བ། རྣམ་གཞག་གི་སྒོ་ནས་དབྱེ་བ། ཕྲ་རགས་ཀྱི་སྒོ་ནས་དབྱེ་བ། གྲོགས་ཀྱི་སྒོ་ནས་དབྱེ་བ་དང་བཞི། དང་པོ་ནི། ཐེག་ཆེན་སེམས་བསྐྱེད་ཆོས་ཅན། རྣམ་པ་བཞི་ཡོད་དེ། མོས་སྤྱོད་ཀྱི་སྐབས་སུ་མོས་པས་སྤྱོད་པའི་སེམས་བསྐྱེད། མ་དག་སའི་སྐབས་སུ་ལྷག་པའི་བསམ་པ་རྣམ་པར་དག་པའི་སེམས་བསྐྱེད། དག་སའི་སྐབས་སུ་རྣམ་པར་སྨིན་པར་འདོད་པའི་སེམས་བསྐྱེད། དེ་བཞིན་དུ་སངས་རྒྱས་ཀྱི་སར་སྒྲིབ་པ་སྤངས་པའི་སེམས་བསྐྱེད་རྣམས་སུ་ཡོད།

{{#arraymap:སེམས་བསྐྱེད་

|; |@@@ | | }}

སེམས་བསྐྱེད་ (3)
Part of speech མིང་ཚིག
Definition ཀུན་མཁྱེན་དོལ་པོ་སངས་ཀྱི་ཕར་ཕྱིན་མདོ་ལུགས་མ་ལས། དེ་ལ་དང་པོ་ནི། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པའི་མཚན་ཉིད་སྟོན་ཏེ། ཡོན་ཏན་གསུམ་དང་ལྡན་པའིི་སེམས་ཅན་དང་བྱང་ཆུབ་ཆེན་པོ་ལ་དམིགས་པ་དང་ལྡན་པའི་འདོད་པ་ནི་མཚན་ཉིད་དོ། །ཐེག་པ་ཆེན་པོའི་སེམས་བསྐྱེད་ནི་མཚོན་བྱའོ། །བྱང་སེམས་སོ་སོའི་རྒྱུད་ལ་ཡོད་པ་ནི་མཚན་གཞིའོ། །ཇོ་ནང་ཉ་དབོན་ཀུན་དགའ་དཔལ་གྱི་ཉ་ཊྭིཀ་ཡིད་ཀྱི་མུན་སེལ་ལས། རྩ་བ་ནི། སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན་གྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་མཚོན་བྱ། མཚན་ཉིད་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་བློའོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་མཚན་ཉིད། གཙོ་བོ་སེམས་གང་ཞིག་གཞན་དོན་ཕྱིར་དུ་རྫོགས་པའི་བྱང་ཆུབ་འདོད་པ་དང་མཚུངས་ལྡན་ཞེས་པ་འཕགས་སེང་ངོ་། ། ཇོ་ནང་ཏྭ་ར་ནྭ་ཐས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། མཚུངས་པའི་དོན་སྨོན་པ་བྱང་སེམས་ཡིན་ལ། དེའི་དོན་དུ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྒོམ་པར་བགྱིའོ་སྙམ་པ་ནི། དཔེ་ལམ་དུ་འགྲོ་བ་དང་མཚུངས་པའི་དོན་འཇུག་པ་བྱང་སེམས་ཡིན་ནོ། །ཡང་ལས་དང་པོ་བ་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་སེམས་བསྐྱེད་ཀྱི་མཚན་ཉིད་དང་ལྡན་པ་ཡིན་ལ། སངས་རྒྱས་ཀྱི་སར་ནི་དེའི་རིགས་རྒྱུན་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ནི་ཡོད་ཀྱང་སེམས་བསྐྱེད་ཀྱི་མཚན་ཉིད་ནི་ལོག་པ་ཡིན་ཞིང་། ཞེས་བྱུང་།

{{#arraymap:སེམས་བསྐྱེད་

|; |@@@ | | }}

སེམས་བསྐྱེད་ (3)
Part of speech མིང་ཚིག
Definition སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་བྱང་དོན་གཉེར་གྱི་སེམས་ཁྱད་པར་ཅན་ཞིག་ལ་སེམས་བསྐྱེད་ཅེས་ཟེར། མཚན་ཉིད་ནི། རང་གི་གྲོགས་སུ་གྱུར་པའི་གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་འདོད་པ་དང་མཚུངས་ལྡན་དུ་བྱུང་བའི་ཐེག་ཆེན་གྱི་འཇུག་སྒོར་གྱུར་པའི་རྣམ་རིག་དེ་ཐེག་ཆེན་སེམས་བསྐྱེད་ཀྱི་ངོ་བོར་འཇོག་པ་ཡིན་ནོ། ། དེ་ལ་དབྱེ་ན་དབྱེ་ཚུལ་བཞི་ཡོད་དེ། རང་གི་ངོ་བོའི་སྒོ་ནས་དབྱེ་བ། ས་མཚམས་ཀྱི་སྒོ་ནས་དབྱེ་བ། དགོས་ཆེད་ཀྱི་སྒོ་ནས་དབྱེ་བ། དཔེ་གྲོགས་ཆོས་མཐུན་གྱི་སྒོ་ནས་དབྱེ་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་གཉིས་ཡོད་དེ། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་བ་དང། ཡིན་ཚུལ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། ཐེག་ཆེན་སེམས་བསྐྱེད་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་གཉིས་ཏེ། ཀུན་རྫོབ་སེམས་བསྐྱེད། དོན་དམ་སེམས་བསྐྱེད་གཉིས་ཡོད་པའི་ཕྱིར། གཉིས་པ་ཡིན་ཚུལ་གྱི་སྒོ་ནས་དབྱེ་ན་གཉིས་སུ་ཡོད་དེ། སྨོན་སེམས་དང་འཇུག་སེམས་གཉིས་སོ། །བསླབ་བཏུས་ལས། བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པ་གཉིས་ཏེ། བྱང་ཆུབ་ཏུ་སྨོན་པའི་སེམས་དང་བྱང་ཆུབ་ཏུ་ཆས་པའི་སེམས་སོ་ཞེས་དང། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ་ཞེས་གསུངས། གཉིས་པ་ས་མཚམས་ཀྱི་སྒོ་ནས་དབྱེ་ན་བཞི་ཡོད་དེ། ཚོགས་སྦྱོར་གྱི་གནས་སྐབས་ཀྱི་མོས་པ་སྤྱོད་པའི་སེམས་བསྐྱེད། མ་དག་ས་བདུན་གྱི་གནས་སྐབས་ཀྱི་ལྷག་བསམ་དག་པའི་སེམས་བསྐྱེད། དག་པ་ས་གསུམ་གྱི་གནས་སྐབས་ཀྱི་རྣམ་པར་སྨིན་པའི་སེམས་བསྐྱེད། སངས་རྒྱས་ཀྱི་སའི་སྒྲིབ་པ་སྤངས་པའི་སེམས་བསྐྱེད་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་དགོས་ཆེད་ཀྱི་སྒོ་ནས་དབྱེ་ན་གསུམ་ཡོད་དེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་ནས་རང་ཉིད་འཚང་རྒྱ་བར་འདོད་པས་ཕྱུག་རྫི་ལྟ་བུའི་སེམས་བསྐྱེད། བདག་གཞན་ཐམས་ཅད་མཉམ་དུ་འཚང་རྒྱ་བར་འདོད་པས་མཉན་པ་ལྟ་བུའི་སེམས་བསྐྱེད། རང་ཉིད་སངས་རྒྱས་ནས་གཞན་སྒྲོལ་བར་འདོད་པས་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་རྣམས་སུ་ཡོད་པའི་ཕྱིར། བཞི་པ་དཔེ་གྲོགས་ཆོས་མཐུན་གྱི་སྒོ་ནས་དབྱེ་ན་ཉེར་གཉིས་ཡོད་དེ། ས་ལྟ་བུ་ནས་སྤྲིན་ལྟ་བུའི་སེམས་བསྐྱེད་ཀྱི་བར་ཉེར་གཉིས་ཡོད་པའི་ཕྱིར། མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་སོ། །

{{#arraymap:སེམས་བསྐྱེད་

|; |@@@ | | }}