93097

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་ཙམ་པའི་རྟག་ཆད་སྤང་ཚུལ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། གང་ཟག་ལ་རྟག་ཆད་སྤང་ཚུལ་ནི། སྐྱེ་གནས་གཅིག་ནས་གཅིག་ཏུ་སྐྱེ་བ་ལེན་པས་ཆད་པ་མ་ཡིན་ལ། འཆི་འཕོ་བའི་རིམ་པ་ཡོད་པས་རྟག་པ་མ་ཡིན་ནོ། །ཡང་ལས་ཀྱི་རྣམ་པར་སྨིན་པ་མྱོང་བ་པོའི་གང་ཟག་ཡོད་པ་དང་། གཞན་གྱིས་བཏགས་པའི་གང་ཟག་གིས་སྟོང་པའི་ཕྱིར་ཆད་པ་དང་རྟག་པ་གཉིས་ཀ་མ་ཡིན་ནོ། །ཆོས་ལ་རྟག་ཆད་སྤང་ཚུལ་ནི། ཀུན་བཏགས་རང་བཞིན་གྱིས་ཡོད་པ་མིན་པས་རྟག་པ་མིན་ཞིང་། གཞན་དབང་དང་ཡོངས་གྲུབ་བདེན་པར་ཡོད་པས་ཆད་པ་མ་ཡིན་ཏེ། དབུས་མཐའ་ལས། ཡོད་པས་མེད་པས་ཡོད་པ་ན། །འདི་ནི་དབུ་མའི་ལམ་ཡིན་ནོ། །ཞེས་སོ། །རྒྱུ་འབྲས་ལ་རྟག་ཆད་སྤང་ཚུལ་ནི། རྒྱུའི་མཇུག་ཐོགས་སུ་འབྲས་བུ་འབྱུང་བའི་ཕྱིར་ཆད་པ་མ་ཡིན་ལ། འབྲས་བུ་སྐྱེས་པའི་ཚེ་རྒྱུ་འགགས་པས་རྟག་པ་ཡང་མ་ཡིན་ནོ། །ལས་འབྲས་ལ་རྟག་ཆད་སྤང་ཚུལ་ནི། ལས་བྱས་མ་ཐག་འགགས་པས་རྟག་པ་མ་ཡིན་ཞིང་། ལས་འགག་བཞིན་པའི་དུས་སུ་ཀུན་གཞི་ལ་བག་ཆགས་བཞག་ནས། དེ་ཉིད་རྐྱེན་གྱིས་གསོས་བཏབ་པ་ལས་རྣམ་པར་སྨིན་པ་འབྱུང་བའི་ཕྱིར་ཆད་པ་མིན་ནོ། །དངོས་སྨྲ་བ་འདི་དག་གིས་རྡུལ་དང་སྐད་ཅིག་དོན་དམ་པར་ཡོད་པས་ཆད་པ་མིན་ལ། རྒྱུན་དང་རགས་པ་དོན་དམ་པར་ཡོད་པར་མིན་པས་རྟག་པ་མིན་ནོ་ཞེས་ཀྱང་འདོད་དོ། །ཞེས་ཀུན་མཁྱེན་རོང་སྟོན་གྱིས་དབུ་མ་རིགས་ཚོགས་དཀའ་གནད་ལས་གསུངས་སོ། ། ཆོས་ཉིད་ཡོངས་གྲུབ་དང་། དེའི་གཞི་གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་པས་ཆད་པའི་མཐའ་ལས་གྲོལ། གཞན་དབང་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་ཆོས་ཀྱི་བདག་དང་། ཕུང་པོ་ལ་བཏགས་པའི་གང་ཟག་བདེན་པ་མེད་པས་རྟག་པའི་མཐའ་ལས་གྲོལ་བར་འདོད་དོ། །ལས་འབྲས་སྦྲེལ་བྱེད་ནི། ལས་འགགས་ཟིན་ནས་འབྲས་བུའི་བར་དུ་ལས་གཏན་མེད་པའི་བར་སྟོང་ཡུན་རིང་དུ་བྱུང་བས། དེ་སྦྲེལ་བར་བྱེེད་པ་ལ་སེམས་ཙམ་པས་ལས་ཀྱིས་བཞག་པའི་བག་ཆགས་འདོད་ཅིང་། དེའི་རྟེན་ནི་ཀུན་གཞི་རྒྱུན་བརྟན་པའི་བདེན་གྲུབ་འདོད་དོ། །ཞེས་ཀུན་མཁྱེན་གོ་རམས་པས་དབུ་མ་སྤྱི་དོན་ལས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སེམས་ཙམ་པའི་རྟག་ཆད་སྤང་ཚུལ་

|; |@@@ | | }}