93111

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་ཙམ་ལུགས་ཀྱི་བྱང་སྡོམ་སྐྱེ་བའི་རྟེན་ (1)
Part of speech མིང་ཚིག
Definition སེམས་ཙམ་པ། ཇི་ལྟར་འབྲས་ཀྱི་ས་བོན་ནི། །གྲང་བའི་ཡུལ་དུ་མི་སྐྱེ་བ། །དེ་བཞིན་སེམས་ཙམ་པ་ཡི་ཡང། །སེམས་བསྐྱེད་སྡིག་ཅན་ལ་མི་སྐྱེ། །ཞེས་དང་། དེས་ན་སེམས་ཙམ་པ་ཡི་ལུགས། །གལ་ཏེ་སེམས་བསྐྱེད་བྱེད་འདོད་ན། །ཐོག་མར་སོ་སོར་ཐར་པ་ལོངས། །བྱང་ཆུབ་སེམས་དཔའི་སྡེ་སྣོད་སློབས། །དད་ཅིང་བསྒྲུབ་པར་ནུས་གྱུར་ན། །ཕྱི་ནས་སེམས་བསྐྱེད་སྡོམ་པ་ལོངས། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་སྐྱེ་བའི་རྟེན་ལ་ནི། སོ་ཐར་རིས་བདུན་གྱི་རྟེན་ངེས་པར་དགོས་ཏེ། ཇོ་བོ་རྗེས། སོ་སོར་ཐར་པ་རིས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་པ་དང། བྱང་སའི་ཚུལ་ཁྲིམས་ལེའུར། དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་གང་ཞེ་ན་མདོར་བསྡུ་ན་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཁྱིམ་པའི་ཕྱོགས་སུ་གཏོགས་པ་དང། རབ་ཏུ་བྱུང་པའི་ཕྱོགས་སུ་གཏོགས་པ་ནི་ཚུལ་ཁྲིམས་ཐམས་ཅད་ཅེས་བྱའོ། །ཁྱིམ་པའི་ཕྱོགས་ལ་བརྟེན་པ་དང། རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པའི་ཚུལ་ཁྲིམས་དེ་ཡང་མདོར་བསྡུས་ན་རྣམ་པ་གསུམ་སྟེ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང། སེམས་ཅན་ལ་ཕན་གདགས་པའི་ཚུལ་ཁྲིམས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ནི་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པའི་རིས་བདུན་པོ་དགེ་སློང་དང། དགེ་སློང་མ་དང། དགེ་སློབ་མ་དང། དགེ་ཚུལ་དང་། དགེ་ཚུལ་མ་དང། དགེ་བསྙེན་དང། དགེ་བསྙེན་མའི་ཚུལ་ཁྲིམས་གང་ཡིན་པ་སྟེ། དེ་ཡང་ཁྱིམ་པ་དང། རབ་ཏུ་བྱུང་བའི་ཕྱོགས་ལ་ཅི་རིགས་པར་རིག་པར་བྱའོ། །ཞེས་གསུངས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས་སོ། །
Domain ཆོས་ལུགས།

{{#arraymap:སེམས་ཙམ་ལུགས་ཀྱི་བྱང་སྡོམ་སྐྱེ་བའི་རྟེན་

|; |@@@ | | }}