9326
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ལྷ་སའི་ཉེ་འཁྲིས་སྟོད་ལུང་བདེ་ཆེན་རྫོང་གི་གནས་ཆུ་གྲོང་རྡལ་སེ་མ་གྲོང་ཚོའི་ཁོངས་སུ་ཡོད་པའི་ཆུ་མིག་ངོ་མཚར་ཅན་ཞིག་གི་མིང་སྟེ། དེ་ནི་ཕྱི་ལོའི་དུས་རབས་བརྒྱད་པའི་ནང་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་འདྲེན་སྐབས་བཙན་པོས་ཉིན་རེ་བཞིན་བློན་པོ་རེ་ཕེབས་བསུར་བཏང་བ་ལས་སྟོད་ལུང་གཞོང་པ་མདར་བློན་པོ་ལྷ་བཟང་ཀླུ་དཔལ་དང་མཇལ་ཏེ། གུང་གི་བྲོ་གུང་ཟས་རན་པ་ན་ཆུ་མེད་པས། སློབ་དཔོན་རིན་པོ་ཆེས་ཕྱག་འཁར་ས་ལ་བཙུགས་ནས་ལྷ་བཟང་ཆུ་བྱུང་གཞོང་པ་གཟེད་ཅིག་གསུངས་ཤིང༌། ཕྱག་འཁར་གྱི་ཤུལ་ནས་ཆུ་མིག་ཅིག་དོན་བྱུང་བས་མིང་ཡང་གཞོང་པ་ལྷ་ཆུ་ཞེས་གྲགས། ཆུ་མིག་དེའི་གཏིང་ཚད་ལ་སྤྱི་ཁྲུ ༡ ནས་ ༡༦ དང༌། ཞེང་ཚད་ལ་ལྷོ་ནས་བྱང་དུ་སྤྱི་ཁྲུ ༡༠ ནས ༤༠ ཤར་ནས་ནུབ་བར་སྤྱི་ཁྲུ ༥ ནས ༥༠ཡོད། ཆུ་མིག་དེའི་ཆུས་ཉེ་སྐོར་གྱི་གྲོང་ཚོའི་འཐུང་ཆུ་ཙམ་མ་ཟད། ས་ཞིང་སོན་ཁལ་བརྒྱད་བརྒྱ་སྐོར་གྱི་ཆུའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། ཆུ་དེས་པགས་ནད་དང༌། རྟ་བོང་གི་སྒལ་རྨ་སོགས་ལ་ཕན་སྟབས་ཐག་རིང་ནས་མི་ཕྱུགས་ནད་བཅོས་བྱེད་མཁན་མང་པོ་ཡོང་གི་ཡོད། ཆུ་མིག་དེའི་ཁར་ལྗོན་ཤིང་སྣ་ཚོགས་ཀྱིས་བསྐོར་བ་དང༌། ནང་དུ་རི་མོ་དང་མཚོན་མདོག་སྣ་ཚོགས་བཀྲ་བའི་ཉ་ཐིག་ཤིང་གང་ལྷག་ཙམ་བྱས་པ་མང་པོ་ཡོད་སྟབས་ཉ་དེ་ཚོའི་རི་མོར་གཞིགས་ཏེ་ཉ་རྟ་སྒ་བརྒྱབ་པ་དང༌། སྤ་ཕྲུག་གྱོན་པ་ཟེར་བ་སོགས་ཡོད། ལྕགས་རིའི་ཤར་ངོས་ཀྱི་འོག་ནས་ཆུ་མིག་གི་ཆུ་འགྲོ་རྡོའི་འོར་པའི་འཁྲིས་སུ་མ་ཎི་ཆུ་འཁོར་ཞིག་བཙུགས་པ་དང༌། ཆུ་ཕྱིར་ཐོན་སའི་འཁྱིལ་ཆུ་དེ་ནད་བཅོས་བྱེད་ས་ཡིན་འདུག ཆུ་མིག་གི་ནུབ་ངོས་སུ་ལྷ་ཁང་ཞིག་ཡོད་པ་དེར་སློབ་དཔོན་རིན་པོ་ཆེ་སོགས་ཀྱི་སྐུ་བརྙན་ཡོད་པ་དང༌། དེ་གར་མང་ཚོགས་ཀྱིས་ཚེས་བཅུ་གཏོང་སྲོལ་ཡོད། རིག་གནས་གསར་བརྗེའི་དུས་ཟིང་སྐབས་ལྷ་ཁང་ནང་གཏོར་སྐྱོན་བཏང་བ་མ་ཟད། ཆུ་མིག་དེར་ཡང་རྫས་མེ་གཡུགས་པ་སོགས་བྱས་ཤིང༌། ད་ཆ་ཉམས་གསོ་བྱས་པའི་ཐོག ཆུ་མིག་དང་། རྩི་ཤིང་། ཉ་སོགས་སྲུང་སྐྱོབ་ཆེད་ལྕགས་རི་གསར་རྒྱག་དང་ཉེ་འགྲམ་དུ་ལྗོན་ཤིང་མང་པོ་གསར་འཛུགས་བྱས་ཡོད་འདུག |
{{#arraymap:གཞོང་པ་ལྷ་ཆུ་
|; |@@@ | | }}