93382

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སོ་ཐར་སྡོམ་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྤྱིར་སྒྲ་བཤད་ཅེས་པ་ངེས་ཚིག་དང་དོན་གཅིག་པ་ཡིན་ཀྱང་སྐབས་འདིར་རྒྱ་གར་གྱི་སྐད་ལ་ཡོད་པའི་སོ་ཐར་སྡོམ་པའི་མིང་དེ་ཉིད་བོད་སྐད་དུ་བསྒྱུར་ནས་དེའི་དོན་བཤད་པ་ཞིག་ཟེར། དེའི་ཚུལ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ལྔ་པ་སྒྲ་བཤད་ཡོད་དེ། པྲ་ཏི་སོ་སོར་དང་། མོཀྵ་ཐར་པ་ལ་འཇུག་པའི་དབང་དུ་བྱས་ན་སྡོམ་པ་འདི་རྣམས་བསྲུང་བ་པོ་སོ་སོ་འཁོར་བ་ལས་ཐར་པར་འགྱུར་གྱི། རྒྱུད་ཐ་དད་པའི་གང་ཟག་གཞན་ཐར་པར་མི་འགྱུར་བས་སོ་སོར་ཐར་པའི་སྡོམ་པ་ཞེས་བརྗོད། པྲ་དང་པོ་ལ་འཇུག་པའི་དབང་དུ་བྱས་ན། དང་པོར་ཐར་པའི་སྡོམ་པ་ཞེས་བརྗོད། པྲ་ཏི་ཐབས་ལ་འཇུག་པའི་དབང་དུ་བྱས་ན་ཐར་པའི་ཐབས་ཀྱི་སྡོམ་པ་ཞེས་བརྗོད་པའི་ཕྱིར། དེས་ན་སོ་ཐར་སྡོམ་པ་ཡིན་ན། སོ་ཐར་ཡིན་པས་མ་ཁྱབ་སྟེ། སོ་ཐར་སྡོམ་པ་སྐད་ཅིག་དང་པོ་སོ་ཐར་དང་། སོ་ཐར་སྡོམ་པ་གཉིས་ཀ་ཡིན་ཀྱང་། སོ་ཐར་སྡོམ་པ་སྐད་ཅིག་གཉིས་པ་སོ་ཐར་མ་ཡིན་ཏེ། སྡིག་པ་ལས་དང་པོར་ཐར་པ་མིན་པས་སོ། །དེ་ལྟར་ཡང་མཛོད་འགྲེལ་ལས། སྡོམ་པ་ཡང་དག་པར་བླངས་པའི་རིག་བྱེད་མ་ཡིན་པ་དང་པོ་ནི་སོ་སོར་ཐར་པ་ཞེས་ཀྱང་བྱ། སོ་སོར་ཐར་པའི་སྡོམ་པ་ཞེས་ཀྱང་བྱ། སོ་སོར་ཐར་པ་སྐད་ཅིག་མ་གཉིས་པ་ལ་སོགས་པ་ནི་སོ་སོར་ཐར་པའི་སྡོམ་པ་ཁོ་ན་ཡིན་གྱི། སོ་སོར་ཐར་པ་ནི་མ་ཡིན་ནོ། །ཞེས་གསུངས། ཁ་ཅིག་དེ་ལྟར་གསུངས་པ་སོ་ཐར་སྡོམ་པ་ཡིན་ན། སོ་སོ་ཐར་པའི་སྒྲ་བཤད་ཅན་ཡིན་པས་མ་ཁྱབ་པ་ལ་དགོངས་ཞེས་ཟེར་མོད་ཀྱང་མི་ལེགས་སོ། །ཞེས་གསུངས། ངེས་འབྱུང་གི་བསམ་པས་ཟིན་པའི་འདོད་པའི་སས་བསྡུས་ཀྱི་གཟུགས་ཅན་དགེ་བས་བསྡུས་པའི་སྡོམ་པ་གང་ཞིག ། འཆལ་ཚུལ་གྱི་གཉེན་པོར་གྱུར་པ་ཞིག་ལ་ཟེར། དེའི་མཚན་ཉིད་ནི། པཎ་ཆེན་གྱི་འདུལ་ལུང་རིགས་ཉི་མ་ལས། རང་གི་ལུགས་ནི། ངེས་འབྱུང་གི་བསམ་པས་ཟིན་པའི་འདོད་པའི་སས་བསྡུས་ཀྱི་གཟུགས་ཅན་དགེ་བས་བསྡུས་པའི་སྡོམ་པ་གང་ཞིག འཆལ་ཚུལ་གྱི་གཉེན་པོར་གྱུར་པ། སོ་ཐར་སྡོམ་པའི་མཚན་ཉིད་ཡིན་བྱས་པ་ལ། ཁ་ཅིག ། དེ་མི་འཐད་དེ། སྟོན་པ་སངས་རྒྱས་ཀྱི་རྒྱུད་ཀྱི་སོ་ཐར་སྡོམ་པ་འཆལ་ཚུལ་གྱི་གཉེན་པོ་མ་ཡིན་པའི་ཕྱིར་ཏེ། དེ་རང་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ཀྱི་འཆལ་ཚུལ་གྱི་གཉེན་པོ་མ་ཡིན་པའི་ཕྱིར་ཏེ། དེ་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ལ་འཆལ་ཚུལ་མེད་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། འོ་ན་སྟོན་པ་སངས་རྒྱས་ཀྱི་མཁྱེན་པ་དེ་དེའི་རྒྱུད་ཀྱི་སྒྲིབ་པ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མ་ཡིན་པར་ཐལ། དེའི་རྒྱུད་ཀྱི་སྒྲིབ་པ་མེད་པའི་ཕྱིར། ཁྱབ་པ་ཁས། ཁ་ཅིག་ཐལ་འགྱུར་བར་པ་ལ་ཁྱབ་མེད་ཀྱི་ལན་བྱེད་པ་ནི་རིགས་པ་ལ་མ་བྱང་བའི་རྟགས་སོ། །ཞེས་གསུངས། དབྱེ་བ། སོ་ཐར་གྱི་སྡོམ་པ་ལ་རྟེན་དང་བསླབ་ཚིགས་ཅི་རིགས་ཀྱི་སྒོ་ནས་ནང་གསེས་སོ་སོར་ཕྱེས་པ་ཞིག་ལ་ཟེར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དང་པོ་ཡོད་དེ། མཛོད་ལས། སོ་སོར་ཐར་ཅེས་བྱ་རྣམ་བརྒྱད། །ཅེས་འབྱུང་བ་ལྟར་དགེ་སློང་ཕ་མའི་སྡོམ་པ། དགེ་སློབ་མའི་སྡོམ་པ། དགེ་ཚུལ་ཕ་མའི་སྡོམ་པ། དགེ་བསྙེན་ཕ་མའི་སྡོམ་པ། བསྙེན་གནས་ཀྱི་སྡོམ་པ་རྣམས་སུ་ཡོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:སོ་ཐར་སྡོམ་པ་

|; |@@@ | | }}

སོ་ཐར་སྡོམ་པ་ (2)
Part of speech མིང་ཚིག
Definition རང་གི་མི་མཐུན་ཕྱོགས་སུ་གྱུར་པའི་འཆལ་བའི་ཚུལ་ཁྲིམས་ཀྱི་དངོས་གཉེན་བྱེད་པའི་རིགས་སུ་གནས་པའི་རབ་ཏུ་ཕྱེ་བའི་ཆོས་འདི་པའི་སྤོང་བ་གཟུགས་ཅན་པ་ཡང་ཡིན། འདོད་པའི་སས་བསྡུས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། སོ་ཐར་གྱི་སྡོམ་པའི་མཚན་ཉིད། སོ་ཐར་གྱི་སྡོམ་པ་ལ་དབྱེ་ན་བརྒྱད་ཡོད་དེ། དགེ་སློང་ཕ་མ། དགེ་སློབ་མ། དགེ་ཚུལ་ཕ་མ། དགེ་བསྙེན་ཕ་མ། བསྙེན་གནས་ཀྱི་སྡོམ་པ་རྣམས་སུ་ཡོད་པའི་ཕྱིར། དེ་དག་རྫས་རིགས་གཅིག་པའི་སྒོ་ནས་བསྡུ་ན་བཞིར་འདུ་སྟེ། དགེ་སློང་གི་སྡོམ་པ། དགེ་ཚུལ་གྱི་སྡོམ་པ། དགེ་བསྙེན་གྱི་སྡོམ་པ། བསྙེན་གནས་ཀྱི་སྡོམ་པ་རྣམས་སུ་འདུ་བའི་ཕྱིར་ཏེ། དགེ་སློང་ཕ་མའི་སྡོམ་པ་རྫས་རིགས་གཅིག དགེ་སློབ་མ་དང་དགེ་ཚུལ་ཕ་མའི་སྡོམ་པ་རྫས་རིགས་ཅིག དགེ་བསྙེན་ཕ་མའི་སྡོམ་པ་རྫས་རིགས་གཅིག་ཡིན་པའིཕྱིར། དེའི་རྒྱུ་མཚན་ཡང་ཡོད་དེ། དགེ་སློང་མ་མཚན་གྱུར་བ་ན་སྡོམ་པ་མི་གཏོང་བར་དགེ་སློང་ཕ་ཞེས་མིང་ཙམ་ཞིག་འཕོ་བ་དང་། དགེ་སློབ་མ་དང་དགེ་ཚུལ་མ་མཚན་གྱུར་པ་ན་དགེ་ཚུལ་ཞེས་མིང་ཙམ་ཞིག་འཕོ་བ་དང་། དགེ་བསྙེན་མ་དང་བསྙེན་གནས་མ་མཚན་གྱུར་པ་ན་རིམ་པ་བཞིན་དུ་དགེ་བསྙེན་ཕ་ཞེས་པ་དང་། བསྙེན་གནས་ཕ་ཞེས་མིང་ཙམ་ཞིག་འཕོ་བའི་ཕྱིར། འདིའི་རྩ་འགྲེལ་དུ་བསྙེན་གནས་ཀྱི་སྡོམ་པ་ལ་ཕ་མའི་གཉིས་སུ་ཕྱེ་ནས་མི་སྟོན་པའི་རྒྱུ་མཚན་ཡོད་དེ། དེ་དུས་ཐུང་བ་ལ་དགོངས་ནས་མ་ཕྱེད་བ་ཡིན་པའི་ཕྱིར། དེ་དུས་ཐུང་བ་ཡིན་ཏེ། དེ་ཉིན་ཞག་གཅིག་པའི་མཐའ་ཅན་གྱི་སྡོམ་པ་དང་། སྡོམ་པ་གཞན་རྣམས་ཇི་སྲིད་འཚོ་བར་གྱི་མཐའ་ཅན་གྱི་སྡོམ་པ་ཡིན་པའི་ཕྱིར། དགེ་སློང་དགེ་ཚུལ་དགེ་བསྙེན་གྱི་སྡོམ་པ་གསུམ་པོ་ངོ་བོ་ཐ་དད་ཡིན་ཀྱང་དེ་གསུམ་གང་ཟག་གཅིག་གི་རྒྱུད་ལ་ཡོད་པ་ལ་འགལ་བ་མེད་དོ། །

{{#arraymap:སོ་ཐར་སྡོམ་པ་

|; |@@@ | | }}