94012

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐད་ཅིག་མའི་སྦྱོར་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། སྐད་ཅིག་ཐུང་མཐའ་གཅིག་ལ་མཁྱེན་པ་གསུམ་གྱི་རྣམ་པ་མཐའ་དག་དངོས་ཡུལ་དུ་བྱེད་པའི་ནུས་པ་ཐོབ་པའི་བྱང་སེམས་ཀྱི་སྦྱོར་བ་ཞིག་ལ་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། བྱ་རྫོགས་ཀྱི་སྐད་ཅིག་མའི་ཐུང་མཐའ་གཅིག་ལ་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་དངོས་ཡུལ་དུ་བྱེད་པའི་ནུས་པ་ཐོབ་པའི་སེམས་དཔའི་རྣལ་འབྱོར་དེ་སྐད་ཅིག་སྦྱོར་གྱི་མཚན་ཉིད། དེ་ལ་དབྱེ་ན། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་སྦྱོར། རྣམ་པར་སྨིན་པའི་སྐད་ཅིག་སྦྱོར། མཚན་ཉིད་མེད་པའི་སྐད་ཅིག་སྦྱོར། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་དང་བཞི། ཞེས་གསུངས།
Domain ཆོས་ལུགས།
སྐད་ཅིག་མའི་སྦྱོར་བ་ (2)
Part of speech མིང་ཚིག
Definition མཚན་ཉིད་ནི། བརྟན་པ་ཐོབ་ནས་མཁྱེན་གསུམ་གྱི་རྣམ་པ་རྣམས་དུས་སྐད་ཅིག་མ་གཅིག་ལ་ཅིག་ཅར་དུ་སྒོམ་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་གོ ། དབྱེ་ན། རྣམ་པར་སྨིན་པ་མིན་པའི། རྣམ་པར་སྨིན་པའི། མཚན་ཉིད་མེད་པའི། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་དང་བཞིའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། སྐད་ཅིག་མའི་སྦྱོར་བའི་ངོ་བོ་ནི། རྒྱུན་མཐའི་ཡེ་ཤེས་ཡིན་ལ་དེ་ལ་མཚན་ཉིད་དེ་དོན་ལྡོག་མི་འདྲ་བའི་སྒོ་ནས་བཞིར་བྱེད་པ་ཡིན་ཏེ། རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་རྟོགས་རིགས་གཅིག་མངོན་དུ་གྱུར་པའི་ཚེ་དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་རྟོགས་རིགས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་དུ་འགྱུར་བ་དང། རྣམ་པར་སྨིན་པའི་ཟག་མེད་ཀྱི་རྟོགས་རིགས་གཅིག་མངོན་དུ་གྱུར་པ་ན་དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་རྟོགས་རིགས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་དུ་གྱུར་པ་དང་། ཡེ་ཤེས་དེ་གཉིས་ཀྱིས་ཤེས་བྱ་རྟོགས་པའི་ཚུལ་ལ་ཆོས་ཐམས་ཅད་མཚན་ཉིད་མེད་པར་རྟོགས་པ་དང། གཟུང་འཛིན་གཉིས་སུ་མེད་པར་རྟོགས་པའི་ལྡོག་པ་ནས་སྐད་ཅིག་མའི་སྦྱོར་བ་བཞི་རིམ་པ་བཞིན་དུ་བཞག་པའི་ཕྱིར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། སྐྱེ་མེད་གསུམ་ལ་བརྟན་པ་ཐོབ་ནས་ཅིག་ཆར་དུ་བསྒོམ་པའི་སེམས་དཔའི་རྣལ་འབྱོར་དེ། སྐད་ཅིག་སྦྱོར་བའི་མཚན་ཉིད། དེ་ལ་དབྱེ་ན། རྟོགས་བྱེད་བློའི་སྒོ་ནས་ཡོན་ཏན་མངོན་དུ་བྱེད་པའི་སྐད་ཅིག་སྦྱོར་དང། རྟོགས་བྱ་ཡུལ་གྱི་སྒོ་ནས་ཡུལ་རྟོགས་ཚུལ་གྱི་སྐད་ཅིག་སྦྱོར་གཉིས། དང་པོ་ལ་རྣམ་པ་སྨིན་པ་མིན་པའི་སྐད་ཅིག་སྦྱོར་བ་དང་། རྣམ་པ་སྨིན་པའི་སྐད་ཅིག་སྦྱོར་བ་གཉིས་སོ། །གཉིས་པ་ལ། མཚན་ཉིད་མེད་པའི་སྐད་ཅིག་སྦྱོར་བ་དང་། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་བ་གཉིས་སོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །