94065
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། མངོན་རྟོགས་རྒྱན་གྱིས་མངོན་རྟོགས་བརྒྱད་ཀྱི་ནང་ནས་ལམ་ཤེས་གཙོ་བོར་སྟོན་པའི་གཞུང་ཚན་ལ་སྐབས་གཉིས་པ་ལམ་ཤེས་ཞེས་འཇོག སྐབས་དང་པོ་རྣམ་མཁྱེན་གྱི་རྗེས་སུ་ལམ་ཤེས་བསྟན་པའི་རྒྱུ་མཚན་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། འོ་ན་མདོའི་དབང་དུ་བྱས་ན། རྣམ་མཁྱེན་བཤད་ཟིན་པའི་རྗེས་སུ་རྒྱལ་ཆེན་རིགས་བཞི་ནས་གནས་གཙང་མའི་བར་གྱི་ལྷའི་བུ་རྣམས་འཁོར་དུ་འདུས་པ་ན་ལམ་ཤེས་ཀྱི་མདོ་གསུངས་ཤིང། བསྟན་བཅོས་སུ་ཡང་རྣམ་མཁྱེན་གྱི་རྗེས་སུ་ལམ་ཤེས་འཆད་པའི་རྒྱུ་མཚན་དང་དགོས་པ་གང་ཡིན་སྙམ་པ་ལ། དེའི་རྒྱུ་མཚན་ཡོད་དེ། ལམ་གསུམ་གྱི་རིགས་རྫོགས་པར་སྒོམ་པའི་ལམ་ཤེས་མ་ཐོབ་པར་རྣམ་མཁྱེན་མི་ཐོབ་པའི་རྒྱུ་མཚན་གྱིས་དེ་ལྟར་བཤད་པའི་ཕྱིར། དགོས་པ་ཡོད་དེ། རྣམ་བཅད་ཀྱི་དབང་དུ་བྱས་ན། སྐྱབས་འགྲོ་དང། གནས་ལུགས་ཀྱི་དོན་རྟོགས་པ་ཙམ་གྱིས་རྣམ་མཁྱེན་ཐོབ་བམ་སྙམ་པའི་ལོག་རྟོག་དགག་པ་དང། ཡོངས་གཅོད་ཀྱི་དབང་དུ་བྱས་ན། རྣམ་མཁྱེན་ཐོབ་པར་འདོད་པས་ལམ་གསུམ་གྱི་རིགས་རྫོགས་པར་སྒོམ་དགོས་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། ཞེས་གསུངས། ཇི་ལྟར་བསྟན་ཚུལ་ནི། མཚོན་བྱེད་ཆོས་བཅུ་གཅིག་གིས་མཚོན་ཏེ་བསྟན་པ་ཡིན་ལ། ཆོས་བཅུ་གཅིག་ནི། ལམ་ཤེས་ཀྱི་ཡན་ལག ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས། ཐེག་ཆེན་མཐོང་ལམ། སྒོམ་ལམ་གྱི་བྱེད་པ། མོས་པ་སྒོམ་ལམ། དེའི་ཕན་ཡོན་བསྟོད་བཀུར་བསྔགས་པ། བསྔོ་བ་སྒོམ་ལམ། རྗེས་སུ་ཡི་རངས་སྒོམ་ལམ། སྒྲུབ་པ་སྒོམ་ལམ། རྣམ་དག་སྒོམ་ལམ་སྟེ་བཅུ་གཅིག་གོ ། |
| Domain | ཆོས་ལུགས། |