94068

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐབས་གཉིས་པར་བསྟན་པའི་མཐོང་ལམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། སྐབས་གཉིས་པ་འདིར་བསྟན་བྱའི་གཙོ་བོར་གྱུར་པའི་བྱང་སེམས་ཀྱི་མཐོང་ལམ་ཞིག་ལ་སྐབས་འདིར་བསྟན་གྱི་མཐོང་ལམ་ཞེས་འཇོག མཐོང་ལམ་གྱི་རྟེན་འཇོག་ཚུལ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། སྐབས་འདིར་མཐོང་ལམ་གྱི་མཐའ་དཔྱད་པ་ལ་གཉིས་ཡོད་དེ། མཐོང་ལམ་སྐྱེ་བའི་རྟེན་དང། བརྟེན་པ་མཐོང་ལམ་བཤད་པ་གཉིས་སུ་ཡོད་པའི་ཕྱིར། དང་པོ་ལ་གཉིས་ཡོད་དེ། ལུས་རྟེན་དང་སེམས་རྟེན་གཉིས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྒྲ་མི་སྙན་པ་དང། ཟ་མ་མ་ནིང་མ་གཏོགས་པའི་མི་དང་འདོད་ལྷའི་རྟེན་ལ་ཐེག་ཆེན་གྱི་མཐོང་ལམ་དངོས་སུ་གསར་དུ་སྐྱེ་བར་ཡོད། ཁམས་གོང་གི་རྟེན་ལ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་རྟེན་ལ་དེ་སྐྱེ་བའི་མཐུན་རྐྱེན་ཚང་ཞིང་འགལ་རྐྱེན་དང༌བྲལ་བ་ཡོད་པའི་ཕྱིར། ཕྱི་མ་གྲུབ་སྟེ། ཁམས་གོང་གི་སོ་སྐྱེ་རྣམས་འཁོར་བ་ལ་སྐྱོ་ཤས་ཆེན་པོ་དང་མི་ལྡན་པའི་ཕྱིར་ཏེ། བསྡུ་བ་ལས། གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་གོང་མར་སྐྱེས་པས་ཀྱང། དང་པོར་བདེན་པ་རྣམས་མངོན་པར་མི་རྟོགས་ཏེ། འདི་ལྟར་གནས་དེ་དག་ནི་སྐྱོ་བར་འགྱུར་དཀའ་བ་ཡིན་པས། རེ་ཤིག་སྐྱོ་བ་ཆུང་ངུས་ཀྱང་བདེན་པ་རྣམས་མངོན་པར་མི་རྟོགས་ན་གོང་ན་སྐྱོ་བ་ཆུང་ངུ་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པས་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་དང། མཛོད་ལས། གོང་ན་མཐོང་ལམ་མེད། །མི་སྐྱོ། ཞེས་གསུངས། གཉིས་པ་སེམས་རྟེན་ཡོད་དེ། སྤྱིར་མཐོང་ལམ་དངོས་སུ་གསར་དུ་སྐྱེ་བའི་སེམས་རྟེན་དུ་གྱུར་པའི་བསམ་གཏན་ས་དྲུག་ཀ་ཡོད། བྱེ་བྲག་ཏུ་ཐེག་ཆེན་གྱི་མཐོང་ལམ་དངོས་སུ་གསར་དུ་སྐྱེ་བའི་སེམས་རྟེན་ཡིན་ན། བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་ཡིན་པས་ཁྱབ། གཟུགས་མེད་ཀྱི་སེམས་ལ་བརྟེན་ནས་མཐོང་ལམ་དངོས་སུ་གསར་དུ་སྐྱེ་བ་མེད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།