94075

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐབས་གསུམ་པ་གཞི་ཤེས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། བསྟན་བཅོས་མངོན་རྟོགས་རྒྱན་གྱི་བརྗོད་བྱ་དངོས་པོ་བརྒྱད་ཀྱི་ནང་གསེས་གཞི་ཤེས་གཙོ་བོར་བསྟན་པའི་གཞུང་ཚན་ཞིག་ལ་སྐབས་གསུམ་པ་གཞི་ཤེས་ཞེས་བརྗོད། འོ་ན་སྐབས་གཉིས་པར་ལམ་ཤེས་བཤད་པའི་རྗེས་སུ་གསུམ་པ་འདིར་གཞི་ཤེས་འཆད་པའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། སྐབས་གཉིས་པར་བསྟན་པའི་སྐྱེས་བུ་ཆེན་པོའི་ལམ་རིམ་གྱིས་བསྡུས་པའི་ལམ་ཤེས་ཐོབ་པ་ལ། སྐབས་གསུམ་པར་བསྟན་པའི་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་རིམ་གྱིས་བསྡུས་པའི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་བློ་ཐོབ་པ་སྔོན་དུ་འགྲོ་དགོས་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། དེ་དགོས་ཏེ། ལམ་ཤེས་ཐོབ་པ་ལ་ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞི་ཐོབ་པ་སྔོན་དུ་འགྲོ་དགོས། དེ་ལ་ཐེག་ཆེན་དུ་སེམས་དང་པོར་བསྐྱེད་པའི་ཚོགས་ལམ་ཐོབ་པ་སྔོན་དུ་འགྲོ་དགོས། དེ་ལ་སྙིང་རྗེ་ཆེན་པོ་ཐོབ་པ་སྔོན་དུ་འགྲོ་དགོས། དེ་ལ་འདིར་བསྟན་པའི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ཉམས་ལེན་སྔོན་དུ་འགྲོ་དགོས་པའི་ཕྱིར། ཇི་ལྟར་མཚོོན་ཚུལ་ནི། མཚོན་བྱེད་ཆོས་དགུས་མཚོན་ཏེ་བསྟན་པ་ཡིན་ལ། མཚོན་བྱེད་ཆོས་དགུ་ཡོད་དེ། ཤེས་པའི་སྲིད་ལ་མི་གནས་པའི་ལམ་ཤེས། སྙིང་རྗེས་ཞི་མཐའ་ལ་མི་གནས་པའི་ལམ་ཤེས། འབྲས་ཡུམ་ལ་རིང་བའི་གཞི་ཤེས། འབྲས་ཡུམ་ལ་ཉེ་བའི་གཞི་ཤེས། མི་མཐུན་ཕྱོགས་ཀྱི་གཞི་ཤེས། གཉེན་པོ་ཕྱོགས་ཀྱི་གཞི་ཤེས། གཞི་ཤེས་ཀྱི་སྦྱོར་བ། སྦྱོར་བ་དེའི་མཉམ་ཉིད། ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་མཐོང་ལམ་སྟེ་དགུ་ཡོད་པའི་ཕྱིར།
Domain ཆོས་ལུགས།