94123

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐབས་ལྔ་པའི་སྒོམ་སྤང་ལྡོག་པ་གཟུང་རྟོག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། ཕར་ཕྱིན་སྐབས་ལྔ་བར་བསྟན་པའི་སྒོམ་སྤང་ལྷན་སྐྱེས་སྟེ། ཉན་རང་གི་ལམ་འབྲས་ལ་དམིགས་ནས་དེ་བྱང་སེམས་ལམ་གྱི་ལྡོག་བྱར་བདེན་པར་ཞེན་པའི་བདེན་འཛིན་ཞིག་ལ་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། རང་གི་དམིགས་ཡུལ་དུ་གྱུར་པའི་བྱང་སེམས་ལམ་གྱི་ལྡོག་བྱའི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་པའི་བདེན་འཛིན་ལྷན་སྐྱེས་དེ། འདིར་བསྟན་སྒོམ་སྤངས་ལྡོག་པ་གཟུང་རྟོག་གི་འཇོག་བྱེད། དེ་ལ་དབྱེ་ན་ཡུལ་ཅན་རྣམ་པ་དགུ་ཡོད་དེ། ཡུལ་གྱི་སྒོ་ནས་དགུ་ཡོད་པའི་ཕྱིར། དགུ་ཡོད་དེ། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། ཐབས་ཤེས་རྫོགས་པར་སྟོན་པའི་དགེ་བའི་བཤེས་གཉེན་ལ་སོགས་པ་དང་བྲལ་བས་དམན་པའི་བྱང་ཆུབ་མ་ཐོབ་བར་དུ་བྱང་ཆུབ་ཀྱི་སེམས་མི་སྐྱེ་བའི་བྱང་སེམས་ལམ་གྱི་ལྡོག་བྱའི་ཆོས་ལ་ལོངས་སྤྱོད་བྱར་བདེན་པར་ཞེན་པ་དང༌། སངས་རྒྱས་ལ་དམིགས་པའི་བསོད་ནམས་ཁྱད་པར་དུ་འཕགས་པ་མེད་པས་བྱང་ཆུབ་ཀྱི་སྙིང་པོ་ཆོས་སྐུ་ཡིད་ལ་མི་བྱེད་པའི་ཞེས་སོགས་སྔ་མ་བཞིན་དང༌། ཉན་ཐོས་ཀྱི་རིགས་ཅན་ཉིད་ཀྱིས་ཕྱིར་ཉན་ཐོས་དེའི་ཐེག་པ་ཡིད་ལ་བྱེད་པའི་ཞེས་སོགས་སྔ་མ་བཞིན་དང༌། རང་སངས་རྒྱས་ཀྱི་རིགས་ཅན་ཉིད་ཀྱིས་ཕྱིར་རང་རྒྱལ་དེའི་ཐེག་པ་མངོན་དུ་བྱེད་པའི་ཞེས་སོགས་སྔ་མ་བཞིན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནན་ཏན་གྱིས་བསྒྲུབ་པ་མེད་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་རེ་ཞིག་ཐོབ་བྱར་ཡིད་ལ་མི་བྱེད་པའི་ཞེས་སོགས་སྔ་མ་བཞིན་དང༌། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་མ་ཟིན་པར་མི་རྟག་སོགས་དམིགས་པ་དང་བཅས་པ་ཉིད་ཀྱིས་ཤེར་ཕྱིན་གྱི་གཟུགས་བརྙན་སྒོམ་པའི་ཞེས་སོགས་སྔ་མ་བཞིན་དང༌། གནས་ལུགས་ཀྱི་དོན་དམིགས་པ་མེད་པ་ཉིད་ཀྱིས་གནས་ལུགས་ཀྱི་དོན་སྒོམ་པ་མེད་པའི་ཞེས་སོགས་སྔ་མ་བཞིན་དང༌། གནས་ལུགས་ཀྱི་དོན་དམིགས་པ་ཡང་མེད་པས་དེ་སྒོམ་པ་ཡང་མེད་པ་དང༌། མི་རྟག་པ་སོགས་མི་དམིགས་པ་ཡང་མེད་པས་མི་རྟག་པ་སོགས་བསྒོམ་པ་མེད་པ་ཡང་མ་ཡིན་པའི་ཞེས་སོགས་སྔ་མ་བཞིན་དང༌། གནས་ལུགས་ཀྱི་དོན་ལ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་གནས་ལུགས་ཀྱི་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་ལ་ཞེན་པའི་བྱང་སེམས་ལམ་གྱི་ལྡོག་བྱའི་ཆོས་ལ་ལོངས་སྤྱད་བྱར་བདེན་པར་ཞེན་པ་རྣམས་སུ་ཡོད་པའི་ཕྱིར། རྟོག་པ་དགུ་པོ་ཆོས་ཅན། ཐེག་པ་ཆེན་པོ་སྒོམ་པའི་བར་ཆད་མེད་ལམ་གྱི་སྤང་བྱ་ཡིན་ཏེ། དེའི་དངོས་ཀྱི་གཞོམ་བྱ་ཡིན་པའི་ཕྱིར། ཞེས་གསུངས་སོ། །
Domain ཆོས་ལུགས།