94124
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། ཕར་ཕྱིན་སྐབས་ལྔ་བར་བསྟན་པའི་སྒོམ་སྤང་ལྷན་སྐྱེས་སྟེ། རང་གི་དམིགས་ཡུལ་དུ་གྱུར་པའི་བཏགས་འཛིན་ལ་དམིགས་ནས་བདེན་པར་འཛིན་པའི་བདེན་འཛིན་ལྷན་སྐྱེས་ཤིག་ལ་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། རང་གི་དམིགས་ཡུལ་དུ་གྱུར་པའི་བཏགས་འཛིན་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་བདེན་འཛིན་ལྷན་སྐྱེས་དེ། འདིར་བསྟན་སྒོམ་སྤངས་བཏགས་འཛིན་རྟོག་པའི་མཚན་ཉིད། དེ་ལ་དབྱེ་ན་དགུ་ཡོད་དེ། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། རྣམ་པ་ཐམས་ཅད་བདེན་སྟོང་དུ་ཡོངས་སུ་མ་ཤེས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒྲིབ་པ་སྤོང་བ་ལ་ཀུན་ཏུ་རྨོངས་པ་ལ་སྐྱེས་བུ་བཏགས་པར་འཛིན་པ་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་བདེན་འཛིན་དང༌། ལམ་གསུམ་པོ་ཐམས་ཅད་བདེན་སྟོང་དུ་ཡོངས་སུ་མ་ཤེས་པས། ལམ་ཤེས་པ་ཉིད་ཀྱི་སྒྲིབ་པ་སྤོང་བ་ལ་ཀུན་ཏུ་རྨོངས་པ་ལ་སྐྱེས་བུར་ཞེས་སོགས་སྔར་བཞིན། གཞི་ཐམས་ཅད་བདེན་སྟོང་དུ་ཡོངས་སུ་མ་ཤེས་པས་ཐམས་ཅད་ཤེས་པ་ཉིད་ཀྱི་སྒྲིབ་པ་སྤོང་བ་ལ་ཀུན་ཏུ་རྨོངས་པ་ལ་སྐྱེས་བུར་ཞེས་སོགས་སྔར་བཞིན་དང༌། གནས་ལུགས་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་ཤེས་པས་སྒྲིབ་པ་ཐམས་ཅད་ཞི་བའི་ལམ་ལ་ཀུན་ཏུ་རྨོངས་པ་ལ་སྐྱེས་བུར་ཞེས་སོགས་སྔར་བཞིན་དང༌། གཟུགས་ལ་སོགས་པའི་ཤེས་བྱ་དང་དེ་བཞིན་ཉིད་དག་ཆོས་ཅན་དང་ཆོས་ཉིད་དུ་ཡོངས་སུ་མ་ཤེས་པས། དེ་བཞིན་ཉིད་ལ་སོགས་པ་དང་གཟུགས་ལ་སོགས་པ་མཚུངས་པར་ལྡན་པ་སྟེ་དེ་གཉིས་ངོ་བོ་གཅིག་དང༌། མི་ལྡན་པ་དེ་གཉིས་ངོ་བོ་ཐ་དད་ལ་ཀུན་ཏུ་རྨོངས་པ་ལ་སྐྱེས་བུར་ཞེས་སོགས་སྔར་བཞིན་དང༌། བདུད་ལ་སོགས་པའི་རང་གི་ངོ་བོ་སྟོང་པ་ཉིད་དུ་ཡོངས་སུ་མ་ཤེས་པས་ཐེག་པ་ཆེ་ཆུང་གི་ལམ་མི་མཉམ་པ་ཉིད་ལ་ཀུན་ཏུ་རྨོངས་པ་ལ་སྐྱེས་བུར་བཏགས་པར་ཞེས་སོགས་སྔར་བཞིན་དང༌། མི་རྟག་པ་སོགས་སྟོན་པའི་མདོའི་དོན་ལ་གནས་ལུགས་མཐར་ཐུག་གི་སྒྲ་ཇི་བཞིན་དུ་འཛིན་པ་ཉིད་ཀྱིས་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞིའི་ཆོས་ཉིད་ལ་ཀུན་ཏུ་རྨོངས་པ་ལ་སྐྱེས་བུར་བཏགས་ཞེས་སོགས་སྔར་བཞིན་དང༌། འདོད་ཆགས་ལ་སོགས་པའི་ངོ་བོ་ཉིད་གློ་བུར་བ་དང༌། སྟོང་པ་ཉིད་དུ་ཡོངས་སུ་མ་ཤེས་པས་ཉོན་མོངས་པའི་རང་བཞིན་ལ་ཀུན་ཏུ་རྨོངས་པ་ལ་སྐྱེས་བུར་བཏགས་ཞེས་སོགས་སྔར་བཞིན་དང༌། གཟུང་བ་དང་འཛིན་པའི་མཚན་ཉིད་རྫས་གཞན་གྱིས་སྟོང་པར་ཡོངས་སུ་མ་ཤེས་པས་གཟུང་འཛིན་གཉིས་སུ་མེད་པ་ལ་ཀུན་ཏུ་རྨོངས་པ་ལ་སྐྱེས་བུར་བཏགས་པར་འཛིན་པའི་འཛིན་པ་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་བདེན་འཛིན་རྟོག་པ་རྣམས་སུ་ཡོད་པའི་ཕྱིར། ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |