94262

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐལ་མཉམ་ (1)
Part of speech མིང་ཚིག
Definition རིགས་གཅིག་པའམ་རིགས་མཚུངས་པའི་དོན།
Example སྐལ་མཉམ་གཞན་ལ་ཕན་ཕྱིར་གཞུང་འདི་བརྩམས་ལྟ་བུ།
སྐལ་མཉམ་ (2)
Part of speech མིང་ཚིག
Definition མདོ། མངོན་པ། མི་ལྡན་པའི་འདུ་བྱེད་བརྒྱད་ཀྱི་ནང་གསེས་ཤིག་སྟེ། དེ་ནི་རིགས་མཐུན་པའི་སྤྱི་ལ་བྱ་སྟེ། མཆིམས་མཛོད་ལས། སྐལ་མཉམ་ཡང་གཉིས་ཏེ། སྤྱིའི་སྐལ་མཉམ་སེམས་ཅན་ཐམས་ཅད་ཀྱི་སྤྱི་དང༌། བྱེ་བྲག་གི་སྐལ་མཉམ་མི་དང་ལྷ་ལ་སོགས་པའི་སྤྱི་ལྟ་བུའོ། །ཡང་ན་སེམས་ཅན་གྱི་སྐལ་མཉམ་སྔར་སྨོས་པ་དེ་ལྟ་བུ་དང༌། ཆོས་ཀྱི་སྐལ་མཉམ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་སྤྱི་ལྟ་བུའོ། །འདི་ལ་ཡེ་ཤེས་ལ་འཇུག་པ་ལ་སོགས་པ་ལས་ནི་རིས་མཐུན་པ་ཞེས་བཤད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་གལ་ཏེ་དེ་ལྟ་བུའི་སྐལ་མཉམ་གྱི་སྤྱི་མེད་ན་སེམས་ཅད་དང་ཆོས་རྣམས་ལ་སྒྲ་དང་བློ་མཐུན་པ་འཇུག་པར་མི་འགྱུར་ཏེ། རྒྱུ་མཚན་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང༌། སྲོག་གཅོད་པ་ཀུན་དུ་བསྟེན་པ་དང་གོམས་པར་བྱས་པ་དང་ལན་མང་དུ་བྱས་པས་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་རོ། །བརྒྱ་ལ་མི་རྣམས་དང་སྐལ་བ་མཉམ་པ་འདི་ལྟ་བུ་ཉིད་དུ་འོང་ན་ཡང་སྲོག་བཅད་པས་ཚེ་ཐུང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྐལ་མཉམ་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །ཞེས་གསུངས། སེར་སྨད་རྒྱལ་དབང་མཛོད་ལས། འོ་ན་སྤྱི་དང་བྱེ་བྲག་གང་རུང་དུ་སྐལ་བ་མཉམ་ན་སྐལ་བ་མཉམ་པས་ཁྱབ་བམ་ཞེ་ན། མ་ཁྱབ་སྟེ། མི་དང་དུད་འགྲོ་ལྟ་བུ་སྤྱིར་སེམས་ཅན་ཙམ་དུ་སྐལ་བ་མཉམ་ཡང༌། སྐལ་བ་མཉམ་པ་མ་ཡིན་པའི་ཕྱིར་དང༌། བྱེ་བྲག་ཏུ་སྐལ་བ་མཉམ་ན་ཡང་སྐལ་བ་མཉམ་པས་མ་ཁྱབ་ཏེ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང༌། སློང་མོ་བ་ལྟ་བུ་བྱེ་བྲག་མིར་སྐལ་བ་མཉམ་ཡང༌། སྤྱིར་སྐལ་བ་མཉམ་པར་འཇོག་མི་རིགས་པ་ལྟ་བུའོ། །འོ་ན་སྤྱིར་སྐལ་མཉམ་ཡིན་པ་རྣམ་པ་ཐམས་ཅད་དུ་མེད་དམ་ཞེ་ན། ཐམས་ཅད་ནས་ཐམས་ཅད་དུ་མཚུངས་པར་རིས་མཐུན་པ་ནི་ལ་ལ་ཙམ་ལས་དཀོན་མོད་ཀྱང༌། ཕལ་ཆེར་རིགས་མཐུན་པ་ལ་སྐལ་མཉམ་དུ་བཞག་ཆོག་པ་འདྲ་སྟེ། འདོད་པའི་ལྷ་རྣམས་འདོད་ལྷར་སྐལ་བ་མཉམ་པ་དང༌། གཟུགས་ཀྱི་ལྷ་རྣམས་གཟུགས་སུ་སྐལ་བ་མཉམ་པ་ལྟ་བུ་དང༌། གླིང་གཞན་གསུམ་གྱི་མི་རྣམས་ལོངས་སྤྱོད་ཀྱི་ས་པར་སྐལ་བ་མཉམ་པ་དང༌། ཛམྦུ་གླིང་པ་ལ་མཚོན་ན་རྒྱལ་པོ་རྒྱལ་རིགས་རྣམས་རྒྱལ་རིགས་སུ་སྐལ་བ་མཉམ་པ་ནས། དགེ་སྦྱོང་དང༌། བྲམ་ཟེ་དང༌། ཁྱིམ་བདག་དང༌། དམངས་ཕལ་པ་སོགས་སོ་སོ་ནས་ནང་ཕན་ཚུན་དེ་དང་དེར་སྐལ་བ་མཉམ་པ་དང༌། དུད་འགྲོ་སོགས་ཀྱང་རང་རང་རིགས་མཐུན་དེ་དང་དེར་སྐལ་བ་མཉམ་པ་ལྟ་བུ་རྣམས་སྤྱིར་ཡང་སྐལ་བ་མཉམ་པར་འཇོག་པ་ལ་འགལ་བ་མེད་ཅིང༌། དེ་ལྟ་མིན་པ་འདབ་ཆགས་སུ་རིགས་མཐུན་ཀྱང་མཁའ་ལྡིང་དང༌། ཕ་ཝང་ལྟ་བུ་དང༌། གཅན་གཟན་དུ་རིགས་མཐུན་ཀྱང་ཁྱི་དང་སེངྒེ་ལྟ་བུ་སྐལ་མཉམ་དུ་བཞག་ན་འཇིག་རྟེན་གྱི་ཐ་སྙད་དུ་མི་མཛེས་པས་སྐབས་ཤེས་པར་བྱའོ། །ཞེས་གསུངས།
Domain ཆོས་ལུགས།
སྐལ་མཉམ་ (3)
Part of speech མིང་ཚིག
Definition མི་ལྡན་འདུ་བྱེད་བཅུ་བཞིའི་ནང་གསེས་ཤིག་ཏེ། མཛོད་ལས། སྐལ་མཉམ་སེམས་ཅན་འདྲ་བའོ། །ཞེས་པ་ལྟར། སེམས་ཅན་རྣམས་སྤྱོད་པ་དང་རང་བཞིན་དང་བསམ་པ་ལ་སོགས་པ་སྐལ་བ་མཚུངས་ཤིང་འདྲ་བར་བྱེད་པའི་རྫས་དང་། ཡང་ན་ཆོས་རྣམས་ཕུང་པོ་དང་སྐྱེ་མཆེད་དང་ཁམས་སོགས་སྐལ་བ་མཚུངས་ཤིང་འདྲ་བྱེད་རྫས་སོ། །ཞེས་བྱེ་བྲག་ཏུ་སྨྲ་བས་འདོད་དེ། གལ་ཏེ་དེ་ལྟ་བུའི་སྐལ་མཉམ་གྱི་རྫས་མེད་ན་སེམས་ཅན་ཞེས་པ་ལ་སོགས་དེ་དག་ལ་སྒྲ་དང་བློ་མཐུན་པ་འཇུག་པར་མི་འགྱུར་བར་ཐལ་བའི་ཕྱིར་དང་། ཆོས་རྗེ་བཅོམ་ལྡན་འདས་ཀྱིས་ཀྱང་། སྲོག་གཅོད་པ་ཀུན་ཏུ་བསྟན་པ་དང་གོམས་པར་བྱས་པ་དང་ལན་མང་དུ་བྱས་པས་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་རོ། །བརྒྱ་ལ་མི་རྣམས་དང་སྐལ་བ་མཉམ་པ་འདི་ལྟ་བུ་ཉིད་དུ་འོང་ན་ཡང་སྲོག་བཅད་པས་ཚེ་ཐུང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྐལ་མཉམ་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་ལ་དབྱེ་ན་ཐ་དད་མ་ཡིན་པ་དང་ཐ་དད་པ་སྟེ་གཉིས་སོ། །