94263

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐལ་མཉམ་གྱི་རྒྱུ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སྐལ་མཉམ་རྒྱུའི་མཚན་ཉིད་ནི་ཆོས་གང་ཞིག་རང་དང་རྣམ་པ་འདྲ་བར་རང་གི་རྒྱུ་མཐུན་འབྲས་བུ་སྐྱེད་པའོ། །འདུས་བྱས་རྣམས་མཚན་གཞི། ཆོས་འདྲ་བ་སྔ་མས་འདྲ་བ་ཕྱི་མ་སྐྱེད་པའོ། །འདྲ་བའི་དོན་ནི་དགེ་བ་ཟག་བཅས་དང། འདུས་བྱས་ཟག་མེད་དང། ཉོན་མོངས་ཅན་དང། མ་བསྒྲིབས་ལུང་མ་བསྟན་དུ་འདྲ་བའོ། །དེ་དག་ཕུང་པོ་ལྔ་ཅར་གྱིས་ལྔ་ཅར་གྱི་རུང་ངོ་ཞེས་མཆིམས་བློ་བཟང་གྲགས་ཀྱི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས་སོ། །རང་གི་འབྲས་བུ་ཕྱི་མ་རང་དང་རིགས་འདྲ་བ་བསྐྱེད་པའི་རྒྱུའོ། །མཚན་གཞི་ལ་ཟག་བཅས་དང་། ཟག་མེད་གཉིས་ལས། དང་པོ་ལ་རྒྱུ་འབྲས་རིགས་འདྲ་བའི་ཚད། རྒྱུ་འབྲས་གཉིས་ཀ་ཡང་དགེ་བ་དང། ཉོན་མོངས་པ་ཅན་དང། མ་སྒྲིབ་པ་གསུམ་པོ་གང་རུང་དུ་འདྲ་བ་སྟེ་དེ་ཡང་ས་གཅིག་པའི་སྤང་བྱ་རིས་ལྔ་པོ་གང་རུང་དུ་འདྲ་བའོ། །དེ་ཡང་ས་བོན་གྱིས་མྱུ་གུ་བསྐྱེད་པ་དང། རྔ་དང་དབྱུག་གུས་རྔ་སྒྲ་བསྐྱེད་པ་དང། ཆུས་ཆུ་སྒྲ་བསྐྱེད་པ་སོགས་རྒྱུ་འབྲས་གཉིས་ཀ་འདོད་པ་ལྟ་བུའི་ས་གཅིག་གིས་བསྡུས་པའི་སྒོམ་སྤང་དུ་རིགས་འདྲ་བ་སྐལ་མཉམ་གྱི་རྒྱུར་འགྱུར་བའོ། །ཟག་མེད་ཀྱི་དབང་དུ་བྱས་པ་ནི་ས་གཅིག་པ་མི་དགོས་ཏེ། ཟག་མེད་ས་དགུ་ལ་བརྟེན་པའི་ལམ་བདེན་ནི་ཕན་ཚུན་སྐལ་མཉམ་གྱི་རྒྱུར་འགྱུར་བ་ཡོད་པའི་ཕྱིར་རོ། །མཐོང་ལམ་སྐད་ཅིག་དང་པོ་རང་གི་རྒྱུན་ཕྱི་མ་དང། སྒོམ་ལམ་དང་མི་སློབ་པའི་ལམ་གསུམ་གྱི་སྐལ་མཉམ་གྱི་རྒྱུ་ཡིན་པ་དང། དེ་བཞིན་དུ་སྒོམ་ལམ་གཉིས་ཀྱི་དང་། མི་སློབ་ལམ་གཅིག་གི་དང། དེ་བཞིན་དུ་དབང་རྟུལ་གྱི་ལམ་གཉིས་དང་། དབང་རྣོན་གྱི་ལམ་གཅིག་གི་དང། དུས་སྦྱོར་དང་པོའི་ལམ་དྲུག་གི་དང། མི་གཡོ་བའི་ཆོས་གྱི་ལམ་གཅིག་གི་སྐལ་མཉམ་གྱི་རྒྱུ་ཡིན་པ་སོགས་མཉམ་པ་དང་ཁྱད་པར་ཅན་གྱི་དམན་པའི་སྐལ་མཉམ་གྱི་མ་ཡིན་ནོ་ཞེས་ཀུན་མཁྱེན་གོ་རམས་པའི་ངོ་མཚར་གསུམ་ལྡན་ལས་སོ། །
Domain ཆོས་ལུགས།

{{#arraymap:སྐལ་མཉམ་གྱི་རྒྱུ་

|; |@@@ | | }}

སྐལ་མཉམ་གྱི་རྒྱུ་ (2)
Part of speech མིང་ཚིག
Definition རང་དང་ས་གཅིག་པའི་རང་གི་རིགས་འདྲ་ཕྱི་མ་སྐྱེད་པར་བྱེད་པའི་རབ་ཏུ་ཕྱེ་བ། སྐལ་མཉམ་གྱི་རྒྱུའི་མཚན་ཉིད། མཚན་གཞི་ནི། དགེ་བ་སྔ་མ་དགེ་བ་ཕྱི་མའི་སྐལ་མཉམ་གྱི་རྒྱུ་ཡིན་པ་ལྟ་བུ། ཟག་བཅས་ཀྱི་སྐལ་མཉམ་གྱི་རྒྱུ་ཡིན་པ་ལ། ས་གཅིག་པ། རིགས་གཅིག་པ། འབྲས་བུ་དེ་ལས་སྔར་སྐྱེས་པ་དང་གསུམ་ཚང་དགོས་ཏེ། རང་རིགས་ས་པའོ་སྔར་སྐྱེས་རྣམས། །ཞེས་གསུངས་པའི་ཕྱིར། རིགས་གཅིག་དགོས་ཏེ། མཐོང་སྤང་གིས་སྒོམ་སྤང་གི་སྐལ་མཉམ་གྱི་རྒྱུ་བྱེད་པ་མེད་པ་ལྟ་བུ་ཡིན་པའི་ཕྱིར། ས་གཅིག་པ་དགོས་ཏེ། འདོད་པའི་སས་བསྡུས་ཀྱི་མཐོང་སྤང་གིས་གཟུགས་ཀྱི་སས་བསྡུས་ཀྱི་མཐོང་སྤང་གི་སྐལ་མཉམ་གྱི་རྒྱུ་བྱེད་པ་མེད་པ་ལྟ་བུ་ཡིན་པའི་ཕྱིར། གསུམ་པ་དགོས་ཏེ། རང་ལས་སྔར་མ་སྐྱེས་པའི་འདུས་བྱས་ཀྱི་ཆོས་གང་གི་ཡང་སྐལ་མཉམ་གྱི་རང་རྒྱུ་བྱེད་པ་མེད་པའི་ཕྱིར། ཟག་མེད་ལ་ནི་དེ་ལྟར་མ་ངེས་ཏེ། ཉེར་སྡོགས་མི་ལྕོགས་མེད་སོགས་ཟག་མེད་ས་དགུ་ནི་ཕན་ཚུན་དུ་སྐལ་མཉམ་གྱི་རྒྱུ་བྱེད་པ་ཡོད་པའི་ཕྱིར་ཏེ། དེ་ཡང་མཉམ་པ་དང་ཁྱད་པར་ཅན་གྱི་རྒྱུ་བྱེད་པ་ཡོད་ཀྱི་དམན་པའི་དེའི་རྒྱུ་བྱེད་པ་མེད་པའི་ཕྱིར་ཏེ། ས་དགུའི་ལམ་ནི་ཕན་ཚུན་དུ། །མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཞེས་གསུངས་པའི་ཕྱིར། མཉམ་པ་དང་ཁྱད་པར་ཅན་གྱི་སྐལ་མཉམ་གྱི་རྒྱུ་ཡིན་ཡང་ཟག་མེད་ཡིན་པས་མ་ཁྱབ་སྟེ། འཇིག་རྟེན་པའི་དགེ་བ་སྦྱོར་བྱུང་ཡང་དེ་སྐལ་མཉམ་གྱི་རྒྱུ་ཡིན་པའི་ཕྱིར། སྦྱོར་བྱུང་ཡང་ཡོད་དེ། སྦྱོར་བ་ལས་བྱུང་བའི་ཐོས་བྱུང་དང་བསམ་བྱུང་སྒོམ་བྱུང་ལྟ་བུ་དེ་ཡིན་པའི་ཕྱིར་ཏེ། སྦྱོར་བྱུང་དེ་གཉིས་ཁོ་ནའི་ཡིན། །ཐོས་དང་བསམ་བྱུང་ལ་སོགས་པ། །ཞེས་གསུངས་པའི་ཕྱིར།

{{#arraymap:སྐལ་མཉམ་གྱི་རྒྱུ་

|; |@@@ | | }}