94349
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། རྩ་རྒྱུད་ལེའུ་བཅུ་གཅིག་པ་ལས། རྡོ་རྗེའི་དཀྱིལ་འཁོར་དབུས་གནས་པར། །ཧཱུཾ་ཞེས་བྱ་བ་རབ་ཏུ་བསྒོམ། །གསལ་བའི་དཀྱིལ་འཁོར་དབུས་གནས་པར། །ཡི་གེ་ཨོཾ་ནི་རྣམ་པར་བསམ། །ཆོས་ཀྱི་དབྱིངས་ཀྱི་དབུས་གནས་པར། །ཡི་གེ་ཨཱཿ་ནི་རབ་ཏུ་བསྒོམ། །ཞེས་གསུངས་པ་ལྟར། རང་ཉིད་སྤྲུལ་སྐུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ལ་གནས་པའི་སྤྱི་བོར་ཨོཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ཡིག་དཀར་པོ། ལྕེའི་དབུས་སུ་ཨཱཿ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པའི་དབུས་སུ་ཨཱཿ་ཡིག་དམར་པོ། སྙིང་ཁའི་དབུས་སུ་ཧཱུཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ཡིག་སྔོན་པོ། དེ་དག་ལས་རིམ་པ་བཞིན་དུ། སྤྱན་མ། གོས་དཀར་མོ། མཱ་མ་ཀིའི་ཚོགས་ནམ་མཁའ་གང་བ་སྤྲོས་པས་སྐད་ཅིག་གིས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བ་སྤྱན་དྲངས་པའི་དབུས་ན་བཞུགས་པའི་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་མདུན་ན་རང་ཉིད་གནས་པར་མོས་ལ། རྩ་རྒྱུད་ལེའུ་བཅུ་གཉིས་པ་ནས་གསུངས་པའི། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །ཞེས་སོགས་ཚིགས་བཅད་གཉིས་ཀྱིས་གསོལ་བ་བཏབ་པའི་ངོར། གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པ། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་སྤྱན་དྲངས་ལ། རང་གི་སྤྱི་བོ། ལྕེའི་དབུས། སྙིང་ག་རྣམས་སུ་རིམ་གྱིས་ཐིམ་པས་ཡེ་ཤེས་ཀྱི་བདེ་སྟོང་གི་རྟོགས་པ་ཁྱད་པར་ཅན་ཐོབ་ནས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་གྱི་དབང་ཕྱུག་ཐོབ་པར་མོས་པའི་རྗེས་སུ། རྩ་རྒྱུད་ལེའུ་བདུན་པ་ལས། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཞེས་སོགས་ཀྱི་ཚིགས་བཅད་གཅིག་ངག་ཏུ་བརྗོད་ཅིང་དོན་དྲན་པའི་སྒོ་ནས་བྱིན་རླབས་བརྟན་པར་བྱ་བ་དང་། དེ་ནས་ལེའུ་དྲུག་པ་ནས་གསུངས་པའི་སྔགས་ཚན་པ་གསུམ་ངག་ཏུ་བརྗོད་ཅིང་དོན་དྲན་པའི་སྒོ་ནས་ང་རྒྱལ་བཞག་ནས་སྒོམ་པ་ཡིན་ནོ། ། |
| Domain | ཆོས་ལུགས། |