94411

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐུ་བཞིའི་རྣམ་གཞག་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། ཐབས་དང་ཤེས་རབ་གྱི་རང་བཞིན་སྤྲོས་པའི་མཐའ་བཞི་ལས་གྲོལ་བའི་བདེ་ཆེན་རྣམ་པ་ཐམས་ཅད་པ་དེ་ནི་ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོའི་སྐུ་ཡིན་ལ་དེ་ཉིད། སྐུ་གཞན་གསུམ་ཆར་ལ་ཁྱབ་བྱེད་དུ་འཇུག་པ་པོ་ཡིན་ཞིང་བཞི་པའི་གནས་སྐབས་སྤངས་པ་ལས་མངོན་དུ་འགྱུར་བ་དང་། རྒྱུ་མཐུན་པའི་མཚན་ཉིད་ཅན་ཏེ་རང་དོན་ཕུན་སུམ་ཚོགས་པའོ། །ཤེས་རབ་དང་ཡེ་ཤེས་དང་སེམས་ཉིད་དེ་ཡུལ་ཅན་བདེ་བ་ཆེན་པོ་དང་། ཐབས་དང་རྣམ་ཤེས་སྙིང་རྗེ་སྟེ་ཡུལ་སྟོང་གཟུགས་གཉིས་རོ་གཅིག་ཏུ་འདྲེས་པ་ལས་ཐ་མལ་གྱི་གཟུང་འཛིན་ནི་ཡུལ་ཡུལ་ཅན་ཟད་ཅིང་། དོན་དམ་པའི་ཡེ་ཤེས་དང་རྣམ་ཤེས་དེ་དག་གཟུང་འཛིན་ཐམས་ཅད་ཀྱི་མཚན་ཉིད་འཛིན་པ་ནི། མུན་པ་ཀུན་གཞི་རྣམ་ཤེས་དང་བྲལ་བའི་འབྲས་བུ་སྟེ། འདི་ནི་གཞན་དོན་བྱེད་པ་པོ་ཆོས་ཀྱི་སྐུ་ཞེས་བྱ་བ་གཉིད་འཐུག་གི་གནས་སྐབས་ཟད་པ་ལས་བྱུང་བ། རྣམ་པར་སྨིན་པའི་མཚན་ཉིད་ཅན་ནོ། །ཚུལ་ཇི་ལྟ་བུས་གཞན་དོན་ལ་འཇུག་པའི་བྱེད་པ་ནི་རབ་ཏུ་དང་བའི་གཟུགས་བརྙན་གྱི་སྐུ་དང་། སྒྲ་དབྱངས་རྒྱ་མཚོ་སྒྲ་བརྙན་གྱི་གསུང་གིས་གདུལ་བྱ་གཞན་སྣང་དུ་སྐུ་དང་གསུང་གི་སྣང་བ་མཐའ་ཡས་པ་སྟོན་པའི་རྒྱུ་སྟེ། ཤེས་བྱ་ཐམས་ཅད་གཟིགས་པའི་མཚན་ཉིད་ཅན་འདི་ནི། རྨི་ལམ་གྱི་གནས་སྐབས་ཟད་པ་དང་། ཁམས་སྟེང་དུ་ལོག་པའི་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་སྐྱེས་བུ་བྱེད་པའོ། །སྐུ་དེ་རྣམས་ཉིད་ཀྱི་ཤེས་རབ་གཅིག་དང་ཐབས་དུ་མ་དོན་དམ་པར་སྦྱོར་བ་སྟེ། རྒྱུད་གཅིག་ཉིད་ལས་སྤྲུལ་པ་སྣ་ཚོགས་པས་འགྲོ་བའི་དོན་སྤྱོད་པའི་རྒྱུ་དམིགས་པ་མེད་པའི་སྙིང་རྗེ་རྣམ་པ་ཐམས་ཅད་པར་འཆར་བའི་ཡེ་ཤེས་དེ་ནི། སད་པའི་གནས་སྐབས་སྤངས་པའི་འབྲས་བུ་སྤྲུལ་པའི་སྐུ་སྟེ་དྲི་མ་དང་བྲལ་བ་ཡིན་ལ། དེའི་ལས་ནི་གཞན་སྣང་དུ་སྤྲུལ་པ་སྣ་ཚོགས་པས་འགྲོ་བའི་དོན་སྤྱོད་པ་ཉིད་དོ། །
Domain ཆོས་ལུགས།