94477

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐུ་ཡི་དམ་ཚིག་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དཔོན་གསས་བླ་མ་དང་ཡི་དམ་ལྷའི་སྐུ་བསྒོམ་ཞིང་དེ་ཉིད་ལ་སྒོ་གསུམ་མ་དག་པའི་སྤྱོད་པ་རབ་ཏུ་བསྲུང་བར་བཅས་པ་དེ་ཡིན་ཏེ། འགུ་ཡ་ལས། སྐུའི་དམ་ཚིག་སྲུང་ཐབས་ནི། བསྲུང་བའི་ཡུལ་དང་སྲུང་བའི་ཐབས། བསྲུང་བའི་ཡོན་ཏན་གསུམ་གྱིས་བསྟན། ཞེས་པས། བསྲུང་བའི་ཡུལ་ལ་བགྲང་ཚུལ་མ་འདྲ་བ་འགའ་སྣང་ཡང་། འདིར་འགུ་ཡ་ལྟར་ན། དེ་ཉིད་ལས། བསྲུང་བར་བྱ་བའི་ཡུལ་ཉིད་ནི། ལྟ་བ་དང་ནི་སྤྱོད་པ་དང། །དམ་ཚིག་གསུམ་དུ་འབྲེལ་བ་ཡི། །དཔོན་གསས་མཚན་ཉིད་གང་ཞེ་ན། །ཞེས་སོགས་གསུངས་པས། ལྟ་སྤྱོད་སོགས་ཀྱི་དམ་ཚིག་ཟབ་མོ་དང་འབྲེལ་བའི་དཔོན་གསས་བླ་མ་དང་ཡི་དམ་གྱི་ལྷ་རྣམས་ཡིན་ལ། སྲུང་ཐབས་ནི། འགུ་ཡ་ལས། གང་དུ་བསྟན་པའི་དཔོན་གསས་ལ། །ལུས་ཀྱི་སྒོ་ནས་སྲུང་བ་དང་། །ངག་གི་སྒོ་ནས་སྲུང་བ་དང་། །ཡིད་ཀྱི་སྒོ་ནས་སྲུང་བའོ། །ཞེས་སོགས་རྒྱ་ཆེར་གསུངས་ཀྱང་དོན་གྱི་མདོར་དྲིལ་ན། བསྲུང་བའི་ཡུལ་དེ་དག་ལ་རང་གིས་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་མ་དག་པ་རྣམས་རབ་ཏུ་བསྲུང་བ་དང་། ཟང་ཟིང་གི་མཆོད་པ་འབུལ་ཞིང་གུས་པར་བཀུར་བ་དེའོ། །བསྲུང་བའི་ཡོན་ཏན་ནི། འགུ་ཡ་ལས། དེ་ལྟར་བསྲུང་བའི་ཡོན་ཏན་ནི། སྒོ་གསུམ་སྤྱོད་ལམ་ཐམས་ཅད་ཀྱིས། །དཔོན་གསས་བླ་མ་མཉེས་བྱེད་ཅིང་། །རང་གིས་དཔོན་གསས་བླ་མ་ཡི། །བཀའ་ཡི་ཟུར་ཡང་མི་གཅོག་པར། །ཅི་གསུངས་ཉན་པའི་སློབ་བུ་དེ། །འཁོར་བར་འཁྱམས་པར་མི་འགྱུར་རོ། །ཞེས་པས་ངེས་སོ། །
Domain ཆོས་ལུགས།