94479

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐུ་ཡི་ལྷ་མོ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་ཡེ་སངས་ལྕམ་བརྒྱད་ཀྱི་ནང་ཚན་ཡིན། མཚན་གཞན་སྐབས་འགའ་ལ་རེག་བྱའི་ལྷ་མོ་དང་ཁྲུས་ཀྱི་ལྷ་མོ་ཞེས་གསལ། གནས་ནི་དཀྱིལ་འཁོར་ལྷོ་ཕྱོགས་ཕོ་བྲང་གླིང་ཆེན་གྱི་ཤར་ཕྱོགས་ལ། ལྷ་སྟེགས་ཀྱི་གདན་ནི་པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་དཀར་མོ་རྒྱན་དང་ལྡན་པ་དབུ་ལ་གཡུ་ཡི་ཞུགས་ཤམ་(དུང་གི་ཐོར་གཙུག་་་་་ཞི་ཁྲོ། ༣༤༧ནང་འདི་འདྲ་འདུག) ཅན། སྐུ་ལ་དར་དཀར་ན་བཟའ་ལ་རིན་ཆེན་གཡུ་ཡི་པད་ལོ་རིས་ཀྱིས་བརྒྱན་པ་གསོལ་བ། གཡས་པས་གཡུང་དྲུང་ཤུག་ཐེའུ་བསྣམས་ཤིང་གཡོན་པས་ཚན་གྱི་བུམ་པ་འཛིན་པ་ཞིག་གོ ། ཕྲིན་ལས་ནི། འགྲོ་བའི་ཉོན་མོངས་བག་སྒྲིབ་སེལ་བར་མཛད་པའོ། ། ལྷ་མོ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་སང་ངེ་འདུ་འདུ་ཇ། ཞེས་པའམ་ཇ་ཡིག་འདི་ཉིད་དོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། སང་ངེ་ནི་དབྱིངས། ཇ་ཡིག་ནི་ལྷ་མོ་འདི་ཉིད་དུ་མཚོན་པའོ། །ཡིག་འབྲུའི་གནས་ཡུལ་ནི། བཅུད་འདུས་ཚིགས་རྩ་ལ་གནས་སོ། །བྱེད་ལས་ནི། ལྷ་མོ་འདི་ཉིད་བསྐྱེད་པའི་གཞི་བྱེད་དོ། །དེའི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། རྟོགས་ན་ཡེ་བརྟན་ཡེ་ཤེས་དབྱིངས་སུ་དག་པ་དང་མ་རྟོགས་ན་སྒྱུ་མ་ལུས་སུ་འཁྲུལ་ལོ། །གྲོལ་ན་བདུད་རྩི་གྲུབ་པ་དང་མི་ནུབ་རྒྱལ་མཚན་མ་དང་གཉིས་མེད་དུ་འགྱུར་ལ། མ་གྲོལ་ན་གདོས་པའི་ཤ་གཟུགས་ལུས་སུ་ཤར་བར་གསུངས་སོ། །ཞི་རྒྱུད་ནང་ལྷ་ཚོགས་སྐུ་བསྟོད་སྐབས་སུ། འདི་ལ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་མ་གསལ་ཡང་། གསང་འདུས་དང་ཐོས་གྲོལ་གཉིས་ལས། ཡེ་གཤེན་སེམས་དཔའ་བརྒྱད་ཀྱི་ནང་གསེས་བ་རབ་གླིང་བཞིའི་ཕྱག་རྒྱའི་ཡུམ་ཡིན་པར་གསལ་ལོ། །
Domain ཆོས་ལུགས།